འཛམ་གླིང་གི་ས་ཕྱོགས་གང་སར་སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་བཅུ་གྲངས་ལྷག་ཡོད་རུང་། སྐད་འཕྲིན་གྱི་འཛད་སྤྱོད་གྲོས་མཐུན་སྐོར་ལ་རྒྱུས་མངའ་ཡོད་མཁན་ཧ་ཅང་ཉུང་། གང་ཡིན་ཞེ་ན། མི་མང་ཆེ་བས་མཉེན་ཆས་དེ་བཀོལ་བ་ཙམ་མ་གཏོགས་དེའི་གྲོས་མཐུན་གྱི་སྐོར་ལ་ཀློག་རྒྱུའི་གོམ་གཤིས་མེད། དོན་དངོས་ཐོག་གྲོས་མཐུན་གྱི་ཡིག་ཆ་མགོ་ནས་མཇུག་བར་ཀློག་རྒྱུ་ནི་ཧ་ཅང་ལས་སླ་པོ་ཞིག་མིན།་འོན་ཀྱང་ ཡིག་ཆ་དེའི་ནང་གི་དོན་ཚན་བྱེ་བྲག་ཁག་ཅིག་མི་ཚང་མས་ངེས་པར་དུ་ཤེས་རྒྱུ་གལ་ཆེ་བས་རགས་ཙམ་ངོ་སྤྲོད་བྱ།
གཅིག། སྐད་འཕྲིན་ཨང་གྲངས་ཀྱི་བདག་དབང་།
སྐད་འཕྲིན་ཨང་གྲངས་ཐོ་འགོད་བྱས་པའི་གནས་སྐབས་ནས་མི་མང་པོ་ཞིག་གི་སེམས་སུ། སྐད་འཕྲིན་ཨང་དེ་སོ་སོར་དབང་བ་ཡིན་སྙམ་གྱི་ཡོད། འོན་ཀྱང་། སྐད་འཕྲིན་གྱི་འཛད་སྤྱོད་གྲོས་མཐུན་གྱི་ནང་དུ་སྐད་འཕྲིན་ཨང་ཡོངས་རྫོགས་ཐུན་ཞུན་བཟོ་ལས་ཁང་ལ་དབང་བ་ཡིན་པས། དེ་མི་གཞན་ལ་བཙོང་བ་དང་། གཡར་བ། རྩིས་སྤྲོད་བྱེད་པའི་དབང་ཆ་མེད་ཅེས་གསལ་པོར་བཀོད་ཡོད། འཛད་སྤྱོད་པར་ཡོད་པའི་ཐོབ་ཐང་གཅིག་པུ་ནི་སྐད་འཕྲིན་ཨང་དེ་བཀོལ་སྤྱོད་བྱེད་རྒྱུ་ཙམ་ཡིན། གལ་ཏེ་སྐད་འཕྲིན་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་དུ་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ངོས་འཛིན་བྱུང་ཚེ། ཐུན་ཞུན་བཟོ་ཚོང་ཁང་གིས་སྐད་འཕྲིན་ཨང་གང་ཡིན་རུང་དེ་མ་ཐག་སྒོ་བརྒྱབ་སྟེ་མེད་པར་བཟོ་ཆོག
གཉིས། གསང་སྡོམ།
སྐད་འཕྲིན་གྱི་འཕྲིན་གཏོང་མ་ལག་གི་ནང་དུ། གཞི་རྩའི་ https བདེ་འཇགས་ཀྱི་ཁྱད་ཆོས་ཙམ་མ་གཏོགས། བརྡ་རྟགས་ནང་བཞིན་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་མེད། སྐད་འཕྲིན་གྱི་གསང་རྒྱའི་སྲིད་ཇུས་ཀྱི་ཡིག་ཆའི་ནང་དུ། ཐུན་ཞིན་བཟོ་ལས་ཁང་གི་ལས་མི་ཚོས་སྐད་འཕྲིན་འཛད་སྤྱོད་ཚོའི་སྒེར་གྱི་ཆ་འཕྲིན་ཁག་ལ་ལྟ་མི་ཐུབ་ཞེས་གསལ་ཡོད་ཀྱང་། འཕྲུལ་རིག་ལག་རྩལ་གྱི་ངོས་ནས་བརྗོད་ན། མ་ལག་གང་རུང་ལ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མེད་ཚེ། དེའི་ནང་གི་ཆ་འཕྲིན་དང་འབྲེལ་མཐུད་ཀྱི་ཁོངས་སུ་མི་གཞན་པར་སིམ་འཛུལ་བྱེད་ཐུབ་ཀྱི་ཡོད།
མི་ཁ་ཤས་དྲ་ལམ་དུ། སྐད་འཕྲིན་གྱི་སྒྲིག་འགོད་ནང་གི་ཁྱད་ཆོས་བྱེ་བྲག་པ་ཞིག་ལ་འགྱུར་བ་བཏང་ན། གཞན་གྱིས་ཁྱེད་རང་རྗེས་འདེད་གཏོང་མི་ཐུབ་ཟེར་བ་དང་། ཁྱེད་ལ་ལྟ་རྟོག་བྱེད་མི་ཐུབ་ཟེར་བ་དེ་ནི་གནས་ཚུལ་རྫུན་མ་དང་ནོར་བ་ཡིན་པ། སྐད་འཕྲིན་མ་ལག་གི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་ཡོད་མེད་རང་སྟེང་ནས་ངེས་ཤེས་འཐོབ་ཐུབ་པ་བྱེད་དགོས་པ་ལས་དྲ་ལམ་གྱི་དཀྲོག་གཏམ་ལ་ཡིད་ཆེས་བྱེད་མི་རུང་།
གསུམ། སྒེར་གྱི་གཞི་གྲངས།
སྐད་འཕྲིན་ཨང་ཞིག་ཐོ་འགོད་བྱས་ན། དེས་ཁྱེད་ཀྱི་ཁ་པར་གྱི་ཚོང་རྟགས་དང་། ཉེར་སྤྱོད་མ་ལག ཁ་པར་ཨང་གྲངས། IP ཁ་བྱང་། སྐད་འཕྲིན་གྱི་ཐོན་རིམ། དྲ་བའི་མགྱོགས་ཚད། སྐད་འཕྲིན་ནང་གི་འཚོལ་བཤེར་གྱི་ལོ་རྒྱུས། བརྙན་པར་ལྟ་ཀློག་གི་ལོ་རྒྱུས། མཉེན་ཆས་ནང་འཇུག་དང་ཕྱིར་འདོན་གྱི་ལོ་རྒྱུས། མཆན། དགའ་རྟགས། བརྒྱུད་སྐུར་སོགས་ཀྱི་གནས་ཚུལ་ཆ་ཚང་བསྡུ་ལེན་བྱེད་ཀྱི་ཡོད།
བཞི། ཁ་བརྡའི་གཞི་གྲངས་ཉར་ཚགས།
སྐད་འཕྲིན་བཟོ་ལས་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་སྐད་འཕྲིན་འཛད་སྤྱོད་པ་ཚོའི་སྐད་འཕྲིན་ནང་གི་ཁ་བརྡའི་ལོ་རྒྱུས་ཀྱི་གཞི་གྲངས་ཉར་ཚགས་བྱེད་ཕྱོགས་ཀྱི་སྲིད་ཇུས་མི་འདྲ། ཕྱི་རྒྱལ་གྱི་སྐད་འཕྲིན་འཛད་སྤྱོད་པ་ཚོའི་ཁ་བརྡའི་ལོ་རྒྱུས་ཁག་ཟླ་བ་3 གྱི་རྗེས་སུ་རང་འགུལ་གྱི་ཐོག་ནས་གཙང་གསུབ་བྱེད་ཀྱི་ཡོད་ཅེས་གསལ་ཡོད་རུང་། རྒྱལ་ནང་གི་སྐད་འཕྲིན་སྤྱོད་མཁན་ཚོའི་སྐད་འཕྲིན་ནང་གི་ཁ་བརྡའི་ལོ་རྒྱུས་ཁག་ཉར་ཚགས་བྱེད་ཀྱི་ཡོད་མེད་དང་། དུས་ཡུན་ག་ཚོད་རིང་ཉར་ཚགས་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་གང་ཡང་བཀོད་མེད་པས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་དགོས་མཁོ་ལྟར་དུས་ཡུན་ངེས་མེད་རིང་ཉར་ཚགས་བྱེད་ཀྱི་ཡོད་སྲིད་པའི་ཚོད་དཔག་བྱེད་ཆོག དེར་བརྟེན། ཁྱེད་ཀྱིས་སོ་སོའི་ཁ་པར་གྱི་སྟེང་ནས་སྐད་འཕྲིན་ནང་གི་ལོ་རྒྱུས་བསུབས་པའམ། བཏང་བའི་ཆ་འཕྲིན་གང་རུང་ཕྱིར་འཐེན་བྱས་རུང་། སྐད་འཕྲིན་གྱི་དྲ་བའི་ཞབས་ཞུ་ཆས་ཀྱི་ནང་དུ་གཞི་གྲངས་ཁག་ཉར་ཚགས་བྱས་ཡོད།
ལྔ། སྐད་འཕྲིན་གྱི་རྒྱབ་ལྗོངས།
གལ་ཏེ་འཛད་སྤྱོད་པ་ཞིག་གིས་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་གནས་ཚུལ་ཞིག་སྤེལ་ཚེ། སྐད་འཕྲིན་བཟོ་ལས་ཁང་གིས་གནས་ཚུལ་དེ་གནས་སྐབས་རིང་ཉར་ཚགས་བྱེད་ཀྱི་ཡོད་ཀྱང་། འཛད་སྤྱོད་པས་གནས་ཚུལ་དེ་བསུབ་པའི་གནས་སྐབས་སུ། སྐད་འཕྲིན་བཟོ་ལས་ཁང་གིས་ཀྱང་གནས་ཚུལ་དེ་བསུབ་ཀྱི་ཡོད་ཀྱི་ཡོད་ཅེས་སྐད་འཕྲིན་གྱི་གསང་རྒྱའི་སྲིད་ཇུས་ཀྱི་ཡིག་ཆའི་ནང་དུ་གསལ་པོར་བཀོད་འདུག་ལ། འདི་སྐད་འཕྲིན་ནང་གི་ཁ་བརྡའི་ལོ་རྒྱུས་དང་འབྲེལ་བའི་གཞི་གྲངས་དོ་དམ་བྱེད་ཕྱོགས་དང་ཅུང་མ་འདྲ་བ་ཞིག་ཆགས་ཡོད།
དྲུག འཛད་སྤྱོད་པའི་གཞི་གྲངས་མཉམ་སྤྱོད།
སྐད་འཕྲིན་བཟོ་ལས་ཁང་གིས་འཛད་སྤྱོད་པའི་གཞི་གྲངས་ཁག་མི་སྒེར་གྱི་ཆོག་མཆན་མེད་པར་ཕྱོགས་གསུམ་པར་མཉམ་སྤྱོད་མི་བྱེད་ཅེས་གསལ་ཡོད་ཀྱང་། སྤྱི་ཚོགས་བདེ་འཇགས་དང་འབྲེལ་བའི་གནད་དོན་ལ་ཐུག་ན། བཟོ་ལས་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས་གཞིར་བཟུང་ཐོག མི་སྒེར་གྱི་གཞི་གྲངས་མཉམ་སྤྱོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པས། སྐད་འཕྲིན་གྱི་ནང་དུ་ཁྲིམས་འགལ་གྱི་ནང་དོན་སྤེལ་ཚེ། ནང་དོན་དེ་དག་སྲིད་གཞུང་ལ་རྩིས་སྤྲོད་བྱེད་ངེས།
བདུན། བཀོལ་ཆས་ཀྱི་ཆོག་མཆན།
སྐད་འཕྲིན་བཀོལ་སྤྱོད་བྱས་ན། ཁྱེད་ཀྱིས་སྐད་འཕྲིན་བཟོ་ལས་ཁང་ལ་ཁྱེད་ཀྱི་ས་གནས་དང་། ཁ་པར་ནང་གི་འབྲེལ་ཐོ། པར་ཆས། སྐད་སྦུག་སོགས་བཀོལ་སྤྱོད་བྱེད་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད། གལ་ཏེ། ཁྱེད་ཀྱིས་དེ་དག་གི་ནང་ནས་སྐད་སྦུག་གི་ཆོག་མཆན་བཀག་ཚེ། སྐད་འཕྲིན་གྱི་ནང་དུ་སྐད་འཇོག་མི་ཐུབ་པ་ཆགས་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། ཆོག་མཆན་དེ་དག་སྤྲོད་མིན་གྱི་དབང་ཆ་ཆ་ཚང་རང་ཉིད་ལ་ཡོད་པས། དགོས་གལ་བྱུང་ན། ཆོག་མཆན་གང་རུང་ངོས་ལེན་མ་བྱས་ན་ཆོག
བརྒྱད། འཛད་སྤྱོད་པའི་ཐོབ་ཐང་།
འཛད་སྤྱོད་པར་སྐད་འཕྲིན་ནང་གི་ཆ་འཕྲིན་བསུབ་པའི་ཐོབ་ཐང་ཡོད་ཅེས་གསལ་ཡོད། འོན་ཀྱང་། དེས་དྲ་བའི་ཞབས་ཞུ་ཆས་ཀྱི་ནང་གཙང་བསུབ་བྱེད་ཀྱི་ཡོད་མེད་ཁག་ཐེག་བྱེད་མི་ཐུབ། འཛད་སྤྱོད་པར་ཞུ་གཏུག་བྱེད་པའི་ཐོབ་ཐང་ཡོད་ལ། ཞུ་གཏུག་ཁག་ལ་ཉིན་15 ནང་ཚུད་དུ་ཁྲིམས་ཐོག་གི་ལན་འདེབས་བྱེད་ངེས་ཀྱང་། ཐག་གཅོད་ག་འདྲ་བྱེད་མིན་ཐད་ལ་གསལ་ཁ་མེད།
དགུ། རྒྱལ་ཁབ་ཕྱི་ནང་གི་སྐད་འཕྲིན།
རྒྱལ་ཁབ་ཕྱི་ནང་གི་སྐད་འཕྲིན་སྤྱོད་མཁན་ཚོས་སྲུང་བརྩི་བྱ་དགོས་པའི་ཁྲིམས་སྒྲིག་མི་འདྲ་ཡང་། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པ་ཕན་ཚུན་འབྲེལ་མཐུད་བྱས་ཚར་ན། སྐད་འཕྲིན་གྱི་གསང་རྒྱའི་སྲིད་ཇུས་གཞིར་བཟུང་སྟེ། ཕྱི་རྒྱལ་གྱི་སྐད་འཕྲིན་སྤྱོད་མཁན་ཚོའི་གཞི་གྲངས་ཁག་ཀྱང་རྒྱལ་ནང་གི་སྐད་འཕྲིན་གྱི་གཞི་གྲངས་མཛོད་ནང་དུ་ཉར་ཚགས་དང་དོ་དམ་བྱེད་ཀྱི་ཡོད།
གསལ་འདེབས། འཕྲིན་གཏོང་གི་མ་ལག་ག་འདྲ་ཞིག་ཡིན་རུང་། དེ་ལ་བཟང་ངན་གཉིས་ཀྱི་ཆ་ཡོད་པས། སྒེར་གྱི་ཁ་བརྡ་དང་། ལས་ཀ་སོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། དེ་དག་གི་ཆེད་དུ་འཕྲིན་གཏོང་མ་ལག་མི་འདྲ་བ་ཁ་ཤས་སྤྱོད་རྒྱུ་གལ་ཆེ།