ཉེ་ལམ་ཀུ་ཤུ་བཟོ་ཚོང་ཁང་གིས་བདེ་འཇགས་དང་ནང་དོན་དོ་དམ་བྱེད་ཕྱོགས་ཀྱི་སྲིད་ཇུས་ཐད་ལ་འགྱུར་བ་གལ་ཆེན་ཞིག་བཏང་ཡོད་ལ། སྲིད་ཇུས་གསར་པ་དེ་ཀུ་ཤུའི་ཉེར་སྤྱོད་མ་ལག iOS, iPadOS, macOS དང་ visionOS ཐོན་རིམ་27.3 ནས་བཟུང་སྟེ་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
གལ་ཏེ་ཁྱེད་ཀྱིས་ iCloud སྤྲིན་མཛོད་བརྒྱུད་ནས་པར་དང་ཡིག་ཆ་རྣམས་མི་གཞན་ལ་འབྲེལ་ཐག་བརྒྱུད་ནས་མཉམ་སྤྱོད་བྱེད་ཀྱི་ཡོད་ན། འགྱུར་བ་འདིས་ཁྱེད་ཀྱི་གསང་རྒྱ་དང་ཆ་འཕྲིན་སྲུང་སྐྱོབ་ཐད་ལ་གནོད་སྐྱོན་ཅི་ཞིག་བཟོ་སྲིད་པ་ཤེས་དགོས།
མ་ལག་ཐོན་27.3 ནས་བཟུང་། iCloud ནང་གི་པར་རིས་དང་ཡིག་ཆ་སོགས། འབྲེལ་ཐག་ཡོད་མཁན་ཚང་མས་ལྟ་ཐུབ་པ་ཞེས་པའི་གདམ་གསེས་སྤྱད་དེ་མཉམ་སྤྱོད་བྱེད་ཀྱི་ཡོད་ཚེ། མཉམ་སྤྱོད་བྱས་པའི་ཡིག་ཆའི་ནང་དོན་ལ་ཀུ་ཤུ་བཟོ་ཚོང་ཁང་གིས་ཞིབ་བཤེར་བྱ་རྒྱུ་རེད། འོན་ཀྱང་ཤེས་དགོས་པ་ནི། མི་ཚང་མས་ལྟ་ཐུབ་པའི་སྤྱི་སྤྱོད་འབྲེལ་ཐག་བཟོས་ཏེ་སྤེལ་བའི་པར་དང་། ཡིག་ཆ། ཡིག་ཁུག་སོགས་ཀུ་ཤུ་བཟོ་ཚོང་ཁང་གིས་ཞིབ་བཤེར་བྱེད་པ་མ་གཏོགས། རང་ཉིད་ཀྱི་ iCloud་སྤྲིན་མཛོད་ནང་ཉར་ཚགས་བྱས་ཡོད་པའི་སྒེར་གྱི་ཡིག་ཆ་དང་། རང་གིས་འདེམས་པའི་མི་ཁོ་ནར་མཉམ་སྤྱོད་བྱེད་པ་ཞེས་པའི་གདམ་གསེས་བརྒྱུད་ནས་མཉམ་སྤྱོད་བྱས་པའི་ཡིག་ཆའི་ནང་དོན་ལ་ཞིབ་བཤེར་མི་བྱེད།
འགྱུར་བ་འདིའི་ནང་གི་གནད་དོན་གལ་ཆེ་ཤོས་ཤིག་ནི་སྣེ་གཉིས་བར་གྱི་གསང་སྡོམ་བྱེད་ཐབས་དང་འབྲེལ་བ་ཆགས་ཡོད། ཀུ་ཤུའི་གཞུང་ཕྱོགས་ཀྱི་ཡིག་ཆའི་ནང་དུ། སྤྱི་སྤྱོད་འབྲེལ་ཐག་བརྒྱུད་ནས་སྤེལ་བའི་ཡིག་ཆ་རྣམས་ལ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་སྲུང་སྐྱོབ་མེད་ཅེས་གསལ་ཡོད། ཁྱེད་ཀྱི་ཁ་པར་གྱི་ནང་དུ་གཞི་གྲངས་སྲུང་སྐྱོབ་ཚད་མཐོ་ཤོས་དེ་ནུས་ཡོད་བཟོས་ཡོད་རུང་། སྤྱི་སྤྱོད་འབྲེལ་ཐག་བརྒྱུད་ནས་སྤེལ་བའི་ཡིག་ཆ་རྣམས་ལ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁེ་ཕན་དེ་མི་ཐོབ།
སྤྱི་སྤྱོད་འབྲེལ་ཐག་བརྒྱུད་ནས་གནོད་འཚེ་ཅན་གྱི་ནང་དོན་རིགས་སྤེལ་གྱི་ཡོད་པ་དོ་སྣང་བྱུང་ཚེ། ཀུ་ཤུ་བཟོ་ཚོང་ཁང་གིས་དེའི་་སྐོར་ལ་བྱ་ཐབས་ཁ་ཤས་ལག་བསྟར་བྱེད་རྒྱུ་རེད་འདུག
- ནང་དོན་དོ་དམ། ཀུ་ཤུ་བཟོ་ཚོང་ཁང་ལ་དོགས་གཞི་ཅན་གྱི་ནང་དོན་རིགས་སྤེལ་མི་ཆོག་པ་བཟོ་བ་དང་། བསྒྱུར་བཅོས་གཏོང་བ། གཙང་གསུབ་བྱེད་ཆོག་པའི་དབང་ཆ་ཡོད།
- ཉེས་ཆད། སྲིད་ཇུས་དང་འགལ་བའི་རིགས་ལ། འཛད་སྤྱོད་པའི་ཀུ་ཤུའི་ཐོ་ཁོངས་གནས་སྐབས་རིང་བཀག་སྡོམ་བྱེད་པའམ། རྩ་བ་ནས་སྒོ་རྒྱག་སྲིད།
- ཐོ་ཁོངས་གསར་པ་བཟོ་མི་ཐུབ། དེ་སྔོན་གྱི་ཡིག་ཟམ་ཁ་བྱང་ངམ་ཁ་པར་ཨང་གྲངས་དེ་སྤྱད་ནས་ཐོ་ཁོངས་གསར་པ་བཟོ་མི་ཐུབ་པ་བཟོ་སྲིད།
- ཁྲིམས་འཛིན་ལས་ཁུངས་ལ་སྙན་ཞུ། གནས་ཚུལ་ལ་བལྟས་ཏེ་དགོས་མཁོ་ཡོད་ན། ཀུ་ཤུ་བཟོ་ཚོང་ཁང་གིས་ཁྲིམས་འཛིན་ལས་ཁུངས་གང་རུང་ལ་གནས་ཚུལ་ཡར་ཞུ་བྱེད་སྲིད།
གནོད་འཚེ་ཅན་གྱི་ནང་དོན་ཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་མེད་ཞིབ་ཕྲ་གསལ་བཤད་བྱས་མེད། འོན་ཀྱང་གསང་བའི་ཆ་འཕྲིན་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་བརྩི་མཁན་ཚོས་དོ་སྣང་བྱ་དགོས་པ་ཞིག་ནི། ཀུ་ཤུའི་སྤྲིན་མཛོད་བརྒྱུད་ནས་ཡོངས་ཁྱབ་ཀྱིས་མཉམ་སྤྱོད་བྱས་པའི་ཡིག་ཆ་ཁག་ལ་གསང་སྡོམ་བྱེད་མི་ཐུབ་པ་ཤེས་དགོས་རྒྱུ་དེ་རེད། གལ་ཏེ་པར་དང་ཡིག་ཆ་མཉམ་སྤྱོད་བྱ་དགོས་ཚེ། སྤྱི་སྤྱོད་འབྲེལ་ཐག་བཟོ་བའི་ཐབས་ལམ་སྤངས་ནས། རང་གིས་འདེམས་པའི་མི་ཁོ་ནར་མཉམ་སྤྱོད་ཟེར་བ་དེ་འདེམས་ཏེ་སྤེལ་བ་ནི་བདེ་འཇགས་ཀྱི་ཐབས་ལམ་ཞིག་ཡིན།
མཇུག་སྡོམ། གནད་དོན་འདི་རྒྱལ་ནང་གི་iCloud སྤྱོད་མཁན་ཚོར་འབྲེལ་བ་ཡོད་དམ་ཞེ་ན། རྒྱལ་ནང་གི་iCloud སྤྲིན་མཛོདཞབས་ཞུ་ནི་ཀུ་ཤུ་དང་མཉམ་ལས་བྱེད་མཁན་སྤྲིན་སྟེང་ཀོས་ཀྲུག(云上贵州)་བཟོ་ལས་ཁང་གིས་དོ་དམ་བྱེད་ཀྱི་ཡོད་པས། གཞན་གྱི་ས་ཁུལ་དང་བསྡུར་ན་གནས་སྟངས་མི་འདྲ་བ་ཡོད། ཀུ་ཤུས་ iCloud སྤྱི་སྤྱོད་འབྲེལ་ཐག་བརྒྱུད་ནས་སྤེལ་བའི་ཡིག་ཆ་རྣམས་ཞིབ་བཤེར་བྱ་རྒྱུའི་སྲིད་ཇུས་གསར་པ་བསྒྲགས་ཡོད་ཀྱང་། སྲིད་ཇུས་དེ་སྤྲིན་སྟེང་ཀོས་ཀྲུག་བཟོ་ལས་ཁང་གི་དོ་དམ་འོག་ཡོད་པའི་རྒྱལ་ནང་གི་་iCloud ཐོ་ཁོངས་ཁག་ལའང་འདྲ་མཚུངས་སུ་ལག་བསྟར་བྱ་རྒྱུ་ཡིན་མིན་ད་དུང་གསལ་བཤད་བྱས་མེད། ཡིན་ནའང་། རྒྱལ་ནང་གི་ཀུ་ཤུ་ཁ་པར་སྤྱོད་མཁན་ཚོས་ iCloud ནང་གི་གཞི་གྲངས་ཉར་ཚགས་དང་སྒེར་གྱི་གསང་བའི་སྲུང་སྐྱོབ་ཐད་ལ་སྲིད་ཇུས་དང་དོ་དམ་ལམ་ལུགས་མི་འདྲ་བ་ཡོད་པ་ཤེས་དགོས་སོ།།