ཞའོ་མིས་ཁ་པར་གྱིས་བསླངས་པའི་འགྲན་རྩོད།

ཀུ་ཤུ་བཟོ་ཚོང་ཁང་གི་སྟོབས་ཤུགས་ཆེ་ཤོས་ནི་ཀུ་ཤུ་ཁ་པར་ཁོ་ན་ཙམ་མ་ཡིན་པར། ཀུ་ཤུ་ཁ་པར་དང་ཀུ་ཤུ་རྩིས་འཕྲུལ། ཨ་ཕེད། ཀུ་ཤུ་ལག་འདོགས་ཆུ་ཚོད་སོགས་ཐོན་རྫས་ཡོངས་རྫོགས་ཕན་ཚུན་ལ་ལས་སླ་པོའི་ཐོག་ནས་སྦྲེལ་ཐུབ་པ་མ་ཟད། སྤྱོད་བདེ་པོ་ཡོད་པ་དེ་ཡིན། འོན་ཀྱང་། ད་ཆ་ཞའོ་མིས་ཀྱིས་ཁྱད་ཆོས་དེ་ལ་དམིགས་ནས་ཀུ་ཤུ་བཟོ་ཚོང་ཁང་ལ་འགྲན་ཞིག་བཙུགས་ཡོད། 

ཨན་ཌོ་མ་ལག་ཐོན་ 17་གྱི་རྨང་གཞིའི་སྟེང་ནས་འཆར་འགོད་བྱས་པའི་ཞའོ་མིས་ཁ་པར་ཐོན་གསར་པ་ཁག་ནང་གི་HyperOS 4  ཉེར་སྤྱོད་མ་ལག་གིས་ཀུ་ཤུ་ཐོན་རྫས་ཁག་ལ་སྦྲེལ་བའི་ནུས་པ་ཇེ་ཆེར་བཏང་ཡོད་ལ།  ད་ཆ་འཛད་སྤྱོད་པ་ཚོས་ཞའོ་མིས་ཁ་པར་དང་ཀུ་ཤུ་ཁ་པར་གྱི་བར་དུ། པར་དང་ཡིག་ཆ་སོགས་སྟབས་བདེ་པོའི་ཐོག་ནས་ཕན་ཚུན་ལ་མཉམ་སྤྱོད་བྱེད་ཐུབ་པ་མ་ཟད།  ཀུ་ཤུ་རྩིས་འཕྲུལ་དང་ཨེ་ཕེད་སོགས་དང་མཉམ་དུའང་སྤྱོད་ཐུབ་ཀྱི་ཡོད་པ་བཟོས་ཡོད།

ཕྱི་ཚུལ་ནས་བལྟས་ན་འདི་ནི་སྤྱོད་བདེ་པོ་བཟོ་བའི་ནུས་པ་ཆེ་རུ་བཏང་བ་ཙམ་ཞིག་ཏུ་སྣང་རུང་། དོན་དངོས་སུ་འདིའི་རྒྱབ་ཏུ་ལག་རྩལ་དང་ཁྲོམ་རའི་འགྲན་རྩོད་ཆེན་པོ་ཞིག་ཡོད།

སྔར་ཡོད་ཀྱི་ཀུ་ཤུའི་ཐོན་རྫས་སྤྱོད་མཁན་མང་པོ་ཞིག་གིས་ཨན་ཌོ་ཁ་པར་ཞིག་ཉོ་དགོས་མིན་ཐད་ལ་བསམ་བློ་གཏོང་སྐབས།  ཨན་ཌོ་ཁ་པར་དེ་ཀུ་ཤུ་རྩིས་འཕྲུལ་དང་ཨེ་ཕེད་སོགས་དང་མཉམ་དུ་སྟབས་བདེ་པོ་མེད་པའི་གནས་སྟངས་དེའི་སྐོར་ཡང་ཡང་བློར་འཁོར་གྱི་ཡོད་ལ། རྒྱུ་རྐྱེན་དེའི་དབང་གིས། ཀུ་ཤུ་ཐོན་རྫས་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། ཨན་ཌོ་ཁ་པར་གྱི་སྟེང་དུ་ཁ་ཕྱོགས་རྒྱུ་དེ་ཧ་ལམ་ཡོང་མི་སྲིད་པ་ལྟ་བུ་ཞིག་ཆགས་ཡོད།  དེ་བས་ཞའོ་མིས་བཟོ་ཚོང་ཁང་གིས་མིག་སྔར་གྱི་གནས་སྟངས་དེར་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པས། མ་འོངས་པར་ཀུ་ཤུ་ཐོན་རྫས་སྤྱོད་མཁན་དག་གིས་ཀྱང་ཨན་ཌོ་ཁ་པར་སྤྱོད་སྲིད་པའི་རེ་བའི་སྒེའུ་ཁུང་གསར་པ་ཞིག་ཕྱེས་ཡོད།

ཞའོ་མིས་ཡིས་ཀུ་ཤུའི་མ་ལག་རྩ་མེད་གཏོང་དགོས་ཀྱི་མེད། འཛད་སྤྱོད་པ་ཚོས་ཁ་པར་འདེམས་སྐབས་ཀུ་ཤུ་ལ་བརྟེན་དགོས་པའི་ཚད་གཞི་དེ་ཇེ་དམའ་རུ་གཏོང་ཐུབ་ན་ཞའོ་མིས་ཀྱི་རྨི་ལམ་ཆེན་པོ་ཞིག་མངོན་འགྱུར་བྱེད་ཐུབ་པ་བྱུང་བ་རེད། དམིགས་འབེན་དེ་ལེགས་འགྲུབ་བྱུང་མཚམས། ཞའོ་མིས་ཀྱིས་རིམ་བཞིན་ཁ་པར་གྱི་རིན་གོང་དང་། པར་ཆས། གློག་གསོག་གི་མགྱོགས་ཚད། གློག་འདང་ཚད།  རིག་ནུས་བཅས་ཀྱི་ཐད་ནས་ཀུ་ཤུ་དང་ཐད་ཀར་འགྲན་རྩོད་བྱེད་ཆོག་པ་རེད།

ཀུ་ཤུ་མ་ལག་ད་དུང་ཡང་སྟོབས་ཆེན་པོ་ཡོད། འོན་ཀྱང་། ཞའོ་མིས་ཀྱིས་ཀུ་ཤུ་དང་ཨན་ཌོ་མ་ལག་གི་བར་དུ་འབྲེལ་མཐུད་ཀྱི་ཟམ་པ་གསར་པ་ཞིག་བཟོས་ཏེ། མ་ལག་འདིའི་གཉིས་ཀའི་བར་དུ་འགྲན་རྩོད་ཀྱི་རྣམ་པ་གསར་པ་ཞིག་བསླངས་ཡོད།  ད་ཐེངས་ཞའོ་མིས་ཀྱིས་ཁ་པར་ཡག་པོ་ཞིག་བཟོ་བ་ཙམ་མ་ཡིན་པར། མ་ལག་གཉིས་བར་གྱི་སྲོལ་རྒྱུན་གྱི་འབྲེལ་མཐུད་ཀྱི་དཀའ་ངལ་སེལ་ཐབས་བྱས་ཏེ། མི་ཚོས་ཀུ་ཤུ་ཁ་པར་མུ་མཐུད་ནས་སྤྱོད་དགོས་པའི་རྒྱུ་མཚན་གཅིག་ཇེ་ཉུང་དུ་བཏང་ཡོད་པ་དེ་གནད་འགག་ལྟེ་བ་ཆགས་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *