ད་ལྟའི་ཆར་མི་མང་པོ་ཞིག་གིས་རིག་ནུས་ཀྱི་མ་ལག་ཁག་ཁ་བརྡའི་ལམ་ནས་ཡིག་སྒྱུར་དང་། དོགས་འདྲི། བརྙན་པར་སྒྲིག་སྦྱོར། གནས་ཚུལ་འཚོལ་ཞིབ་སོགས་ཀྱི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད། OpenClaw ནི་ཁ་བརྡ་ཙམ་མ་ཡིན་པར། ཁྱེད་ཀྱི་ཚབ་བྱས་ཏེ་དངོས་སུ་ལས་ཀ་སྒྲུབ་ཐུབ་མཁན་གྱི་རིག་ནུས་ཤིག་ཡིན། གལ་ཏེ། ཁྱེད་རང་ནི་སྤྱི་གཉེར་ཁང་གང་རུང་གི་བདག་པོ་ཡིན་པའི་དབང་དུ་བཏང་ན། OpenClaw ནི་ཁྱེད་ཀྱི་དྲུང་ཡིག་ལྟ་བུ་ཡིན། དྲུང་ཡིག་དེས་ཁྱེད་ཀྱི་གནམ་གྲུའི་འཛིན་བྱང་ཉོ་བ་དང་། ཡིག་ཟམ་ལ་ལན་འདེབས་པ། ཚོགས་འདུ་བཀོད་སྒྲིག་ལ་སོགས་བྱེད་ཐུབ་པ་མ་ཟད། ཁྱེད་རང་གཉིད་ཁུག་པའི་གནས་སྐབས་སུའང་ཁྱེད་ཀྱི་རྩིས་འཕྲུལ་སྟེང་ཉིན་མཚན་ཀུན་ཏུ་ལས་ཀ་བྱེད་ཐུབ།
OpenClaw ནི། ཨོ་སི་ཊི་རི་ཡའི་(奥地利)མཉེན་ཆས་བཟོ་བཀོད་པ་དང་ཁེ་ལས་པ་ཕེ་ཁྲར་( Peter Steinberger) ལགས་ཀྱིས་རང་ཉིད་ཀྱི་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་བཟོས་པའི་མ་ལག་ཅིག་ཡིན། OpenClaw མ་བཟོས་གོང་ལ་ཁོང་གིས་ལས་གཞི་ 44 ཙམ་སྤེལ་མྱོང་ཡོད་ཀྱང་། OpenClaw ནི་ལམ་ལྷོང་དང་དར་ཁྱབ་ཆེན་པོ་ཕྱིན་པའི་མ་ལག་གཅིག་པུ་དེ་ཆགས་ཡོད། ཟླ་བ་ཁ་ཤས་ནང་ GitHub སྟེང་སྐར་མ་ཁྲི་ཕྲག་མང་པོ་ཐོབ་པ་མ་ཟད། Nvidia ཡི་འགོ་གཙོ་ ཧོང་རན་ཞུན་གྱིས་ཀྱང་དོ་ཁུར་གནང་ཡོད།

༢༠༢༥ ལོའི་ཟླ་ ༡༡ པར་འགོ་བཙུགས་ཤིང་། ད་ལོར་མཉེན་ཆས་བཟོ་སྐྲུན་པ་དང་ཡར་རྒྱས་གཏོང་མཁན་སྟོང་ཕྲག་མང་པོས་མཉེན་ཆས་ཀྱི་ཁོངས་སུ་ཁྱད་ཆོས་དང་ལག་རྩལ་གསར་པ་ཁ་སྣོན་བྱས་ཏེ་དར་ཁྱབ་ཆེན་པོ་ཕྱིན་ཡོད་། དེ་ནས་ ༢༠༢༦ ལོའི་ཟླ་ ༢ པར་མཉེན་ཆས་འདིའི་བཟོ་སྐྲུན་པ་ཕེ་ཁྲར་མཆོག OpenAI འཕྲུལ་རིག་བཟོ་ཚོང་ཁང་ལ་ཞུགས་རྗེས། ཁོང་གིས་ OpenClaw རང་དབང་གི་ཚོགས་སྡེ་ཞིག་གི་ངོ་བོར་བསྒྱུར་ཏེ། ནམ་ཡང་རིན་མེད་དང་མི་མང་ལ་དབང་བ་བཟོས་ཡོད།
OpenClaw ནི་དངོས་གནས་ཅི་ཞིག་རེད།
“OpenClaw ནི་ཁུངས་འབྱེད་ (开源/Open-source) གྱི་རང་འགུལ་ AI ལས་རོགས་ཤིག་ཡིན། འདི་ནི་ཁྱེད་ཀྱི་ཀུ་ཤུ་རྩིས་འཕྲུལ(Mac) དང་། སྒེའུ་ཁུང་རྩིས་འཕྲུལ(Windows) Linux ་སོགས་ཀྱི་སྟེང་དུ་ལས་ཀ་བྱེད་ཐུབ་པའི་སྒེར་གྱི་ལས་རོགས་ཤིག་ཡིན། རིག་ནུས་འདི་བཀོལ་སྤྱོད་བྱས་ན་ཁྱེད་ཀྱི་གཞི་གྲངས་དང་གསང་བའི་ཆ་འཕྲིན་རྣམས་རང་ཉིད་ཀྱི་རྩིས་འཕྲུལ་ལས་ཕྱིར་མི་འགྲོ་བས་གསང་རྒྱ་དམ་པོ་ཡོད། ད་ལྟ་མ་ལག་འདི་ སྐད་འཕྲིན་སོགས་ཉིན་རྒྱུན་དུ་སྤྱོད་བཞིན་པའི་ཁ་བརྡའི་མཉེན་ཆས་ཁག་གི་ནང་དུ་སྤྱོད་ཆོག་པའི་གནས་ཚུལ་དྲ་ལམ་དུ་ཁྱབ་ཡོད། རིག་ནུས་མ་ལག་འདིས་ཁྱེད་ཀྱི་ཡར་འཇུག་བྱས་པའི་གནས་ཚུལ་ཐམས་ཅད་ནམ་ཡང་བརྗེད་མི་སྲིད་ལ། གློག་འཕྲིན་གཏོང་བ། འཆར་གཞི་འདིངས་པ། དྲ་རྒྱར་ཉུལ་བ། ཡིག་ཆ་བཟོ་བཅོས་རྒྱག་པ། འགྲུལ་བཞུད་བཀོད་སྒྲིག་བྱེད་པ་སོགས་ཁྱེད་ཀྱི་བཀོད་འདོམས་ལྟར་དངོས་སུ་ཁྱེད་ཀྱི་ཚབ་བྱས་ཏེ་ལས་ཀ་སྒྲུབ་ཐུབ། ཁྱེད་ཀྱིས་ OpenAI(ChatGPT) དང་ Anthropic(Claude) སོགས་ཀྱི་སྐད་བརྡ་རིག་ནུས་ (LLM) གང་ལ་ཡང་སྦྲེལ་ཆོག འདི་ནི་རིན་མེད་ཀྱི་ཁུངས་འབྱེད་མཉེན་ཆས་ཤིག་ཡིན་པས། སུས་ཀྱང་ཕབ་ལེན་དང་ཡར་རྒྱས་གཏོང་ཆོག་གི་ཡོད།
| རིག་ནུས། | OpenClaw | གཞན་དག |
| དམིགས་ཡུལ་གཙོ་བོ། | ལས་ཀ་སྒྲུབ་པ་དང་རང་འགུལ་ཅན། | ཁ་བརྡ་དང་ཤེས་བྱ། |
| གཞི་གྲངས། | རང་ཉིད་ཀྱི་རྩིས་འཕྲུལ་ལམ་ཞབས་ཞུ་ཆས་ནང་དུ་ཉར་ཚགས། | སྤྲིན་མཛོད་དུ་ཉར་ཚགས། |
| རང་འགུལ་ནུས་པ། | དུས་ཚོད་བསྒྲིགས་ཚེ་རང་འགུལ་གྱིས་ལས་ཀ་བསྒྲུབ་ཐུབ། | བཀའ་མངགས་བྱས་ན་མ་གཏོགས་རང་འགུལ་གྱི་ནུས་པ་མེད། |
| གསང་རྒྱ། | གཞི་གྲངས་དང་ཡིག་ཆ་རྣམས་རང་ཉིད་ཀྱི་གློག་ཆས་སྟེང་ལྷག་ཡོད། | འཕྲུལ་རིག་བཟོ་ཚོང་ཁང་གི་ལག་པར་ཡོད། |
| བྱེད་ལས། | རྩིས་འཕྲུལ་ལ་ཁྱོན་ཡོངས་ནས་སྟངས་འཛིན་དང་དོ་དམ་བྱེད་ཐུབ། | ཁ་པར་དང་རྩིས་འཕྲུལ་ལ་སྟངས་འཛིན་བྱེད་མི་ཐུབ། |
| སྤྱོད་བདེ། | སྒྲིག་འཇུག་དང་བཀོད་སྒྲིག་སོགས་བྱེད་དགོས་པས་ཅུང་དཀའ། | ཤིན་ཏུ་སླ། |
གལ་ཆེན་ཡིན་པའི་རྒྱུ་མཚན།
OpenClaw ཡིས་མིས་བཟོས་རིག་ནུས་ཀྱི་དུས་རབས་འདིའི་ཁྲོད་ཀྱི་ཁུངས་འབྱེད (开源/Open-source) གསར་གཏོད་ཀྱི་ནུས་སྟོབས་མཚོན་གྱི་ཡོད། གང་ཡིན་ཞེ་ན། སེམས་ཤུགས་ཡོད་པའི་འཛམ་གླིང་གི་མཉེན་ཆས་བཟོ་སྐྲུན་པ་ཁག་ཅིག་མཉམ་རུབ་བྱས་པའི་ནུས་ཤུགས་དེ་འཕྲུལ་རིག་བཟོ་ཚོང་ཁང་ཞིག་ལས་ཆེ་བ་དང་། གསར་གཏོད་ཀྱི་ལམ་ཁའི་སྟེང་དུ་མགྱོགས་པོར་བསྐྱོད་ཐུབ་པ་བསྟན་ཡོད། མ་འོངས་པའི་རིག་ནུས་ནི་ཁ་བརྡ་འཕྲུལ་ཆས་གཅིག་པུ་ཙམ་མིན་པར། རང་ཉིད་ལ་དབང་བའི་སྒེར་གྱི་ལས་རོགས་ཤིག་ཡིན།
དྲི་བ། ཁྱེད་ཀྱིས་གཞི་གྲངས་ཁག་སྤྲིན་མཛོད་སྟེང་ཉར་ཚགས་བྱས་ཡོད་ཅིང་། ཁྱེད་ཀྱི་སྐོར་ཐམས་ཅད་ཤེས་ནུས་པའི་རིག་ནུས་ཤིག་འདེམས་རྒྱུ་ཡིན་ནམ། ཡང་ན་ནུས་པ་ཅུང་ཆུང་ཡང་ཁྱེད་ཀྱི་རྩིས་འཕྲུལ་སྟེང་གསང་རྒྱ་དམ་པོའི་སྒོ་ནས་ལས་ཀ་བྱེད་ཐུབ་་རིག་ནུས་ཤིག་འདེམས་རྒྱུ་ཡིན།
ཐེངས་རྗེས་མའི་རྩོམ་ཡིག་ནང་དུ། སྐད་འཕྲིན་ནང་གི་OpenClaw སྐོར་ལ་གླེང་སློང་བྱེད་རྒྱུ་ཡིན་པས། མུ་མཐུད་ནས་དོ་ཁུར་གནང་རོགས།