གལ་ཏེ། ངའི་གཏམ་བཤད་རིམ་པ་ཁག་ལ་ཉན་མྱོང་མཁན་ཞིག་ཡིན་ན། ཁྱེད་ཀྱིས་སྤྱི་སྤྱོད་སྐུད་མེད་དྲ་བའི་ཉེན་ཁའི་སྐོར་གསལ་པོ་ཤེས་སྲིད། འོན་ཀྱང་། རང་ཉིད་ཀྱི་ཐོག་ཏུ་དངོས་སུ་དོན་རྐྱེན་འདྲ་མ་བྱུང་ཚེ། མི་མང་པོ་ཞིག་གིས་ཉེན་ཁའི་སྐོར་གོ་ཐོས་བྱུང་རུང་། དེ་ལ་དེ་ཙམ་འཛེམ་ཟོན་མི་བྱེད་པས། དེ་རིང་ཡུལ་སྐོར་བའི་སྒོར་མོ་རྐུ་འཁྱེར་བྱས་པའི་ཉེ་ལམ་དངོས་བྱུང་གཏམ་བརྒྱུད་ཅིག་དང་སྦྱར་ནས་སྤྱི་སྤྱོད་སྐུད་མེད་དྲ་བའི་ཉེན་ཁའི་སྐོར་བསྐྱར་དུ་གླེང་སློང་བྱེད་འདོད།
རིན་མེད་སྐུད་མེད་དྲ་བར་མི་དགའ་མཁན་སུ་ཡོད།
དེང་སང་ས་ཆ་ག་ས་གང་དུ་རིན་མེད་ཀྱི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག་པའི་སྐུད་མེད་དྲ་བའི་མཐུད་སྣེ་མང་པོ་ཡོད་ལ། ལྷག་པར་དུ། འགྲུལ་བསྐྱོད་ཀྱི་སྐབས་སུ། གནམ་ཐང་སོགས་སུ་རང་ཉིད་ཀྱི་ཉེ་ས་དང་གྲོགས་པོ་སོགས་ལ་བརྡ་ལན་ཕུལ་ཆེད། གནམ་ཐང་གི་སྐུད་མེད་དྲ་བར་མཐུད་དགོས་ཆགས་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་མཐུད་སའི་སྐུད་མེད་དྲ་བའི་མཐུད་སྣེ་དེ་ཁྱེད་ཀྱི་གལ་ཆེའི་གཞི་གྲངས་རྐུ་འཁྱེར་བྱེད་རྒྱུའི་ཆེད་དུ་བཟོས་པའི་དྲ་རྙི་ཞིག་ཡིན་ཚེ་ཅི་བྱ།
སྤྱི་ལོ་2025 ལོའི་ཟླ་8་པའི་ཚེས་དྲུག་ཉིན། མ་ལེ་ཤི་ཡའི་ཡུལ་སྐོར་བ་ཀ་ཀེ་མོ་ཞིག་གིས་ཐེ་ལན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གནམ་ཐང་གི་སྐུད་མེད་དྲ་བའི་མཐུད་སྣེ་རྫུན་མ་ཞིག་ལ་མཐུད་པའི་རྗེས་སུ། དྲ་ལམ་གྱི་འཇབ་རྒོལ་པས་དུས་ཡུན་སྐར་མ་གཅིག་གི་ནང་ཚུད་དུ་ཡུལ་སྐོར་བ་དེའི་སྒེར་གྱི་གསང་བའི་ཆ་འཕྲིན་དང་དངུལ་བྱང་སོགས་ཀྱི་གནས་ཚུལ་བརྐུས་རྗེས། དེ་དག་བེད་སྤྱད་དེ་ཡུལ་སྐོར་བ་དེའི་མིང་ཐོག་ནས་ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་ཚོང་རྫས་མང་དག་ཅིག་ཉོས་ཏེ། ཡུལ་སྐོར་བ་དེ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་འཕངས་ཡོད།
སྐུད་མེད་དྲ་བའི་གཡོ་ཇུས་བཤམས་སྟངས།
འཇབ་རྒོལ་པས་གཞུང་ཕྱོགས་ཀྱི་སྐུད་མེད་དྲ་བའི་མིང་དང་གཅིག་མཚུངས་ཡིན་པའི་སྐུད་མེད་དྲ་བའི་མཐུད་སྣེ་རྫུན་མ་ཞིག་བསྐྲུན་གྱི་ཡོད།
འཛད་སྤྱོད་པས་སྐུད་མེད་དྲ་བ་དེར་མཐུད་སྐབས། འཇབ་རྒོལ་པས་འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ་ཟེར་བ་དེ་རྩོམ་གྱི་ཡོད་ལ། བརྒྱུད་རིམ་དེའི་ཁྲོད་དུ་འཛད་སྤྱོད་པའི་དྲ་སྟེང་གི་བྱེད་སྒོ་ལ་ལྐོག་ལྟ་དང་བར་གཅོད་བྱེད་ཐུབ་ཀྱི་ཡོད། དཔེར་ན། འཛད་སྤྱོད་པས་གསང་གྲངས་ཤིག་གཏགས་སྐབས། གསང་གྲངས་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དངུལ་ཁང་གི་བྱང་བུའི་ཨང་གྲངས་དང་གསང་གྲངས་སོགས་ཀྱང་རྐུ་འཁྱེར་བྱེད་ཐུབ་ཀྱི་ཡོད།
དེ་ན། སྐུད་མེད་དྲ་བའི་གཡོ་འོག་ཏུ་མ་ཚུད་པའི་ཆེད་དུ། ག་རེ་བྱེད་དགོས།
- ག་དུས་ཡིན་ཡང་། རིན་མེད་ཀྱི་སྐུད་མེད་དྲ་བར་མ་མཐུད་གོང་ལ། དེ་གཞུང་ཕྱོགས་ཀྱི་སྐུད་མེད་དྲ་བ་ཡིན་མེད་རྩད་གཅོད་བྱེད་དགོས། དཔེར་ན། གནམ་ཐང་སོགས་ནས་སྐུད་མེད་དྲ་བར་སྦྲེལ་སྐབས། འབྲེལ་ཡོད་ལས་བྱེད་མི་སྣར་འབྲེལ་བ་བྱས་ཏེ་ཁག་ཐེག་བྱེད་དགོས།
- རང་ཉིད་ཀྱི་ཁ་པར་རང་འགུལ་ཐོག་ནས་སྐུད་མེད་དྲ་བར་སྦྲེལ་བའི་ཁྱད་ཆོས་དེ་སྒོ་རྒྱག་དགོས། དེ་ལྟར་མ་བྱས་ཚེ། མཚམས་རེར། ཁྱེད་ཀྱིས་ཧ་མ་གོ་བའི་ཐོག་ནས་རྒྱུས་མེད་ཀྱི་སྐུད་མེད་དྲ་བ་དེ་འདྲར་མཐུད་དེ་གསང་བའི་ཡིག་ཆ་ཤོར་འགྲོ་བའི་ཉེན་ཁ་ཡོད།
- སྐུད་མེད་དྲ་བར་སྦྲེལ་བའི་སྐབས་སུ། དྲ་སྟེང་ནས་དངུལ་གཏོང་ལེན་སོགས་རྩ་བ་ནས་བྱེད་མི་རུང་།
- གལ་ཏེ། སྐུད་མེད་དྲ་བར་མི་སྦྲེལ་ཐབས་མེད་ཆགས་ཚེ། རྟོག་བཟོས་མི་སྒེར་དྲ་བར་མཐུད་དེ། རང་ཉིད་ཀྱི་དྲ་སྦྲེལ་གྱི་ལམ་ཁ་གསང་སྡོམ་བྱེད་དགོས།
རིན་མེད་ཀྱི་སྐུད་མེད་དྲ་བས་ང་ཚོར་རིན་མེད་ཀྱི་ཐོག་ནས་དྲ་རྒྱ་སྤྱོད་དུ་འཇུག་རུང་། སྐུད་མེད་དྲ་བའི་གཡོ་ཇུས་འོག་ཏུ་ཚུད་པའི་གྱོང་གུད་ནི་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་པ་གོང་གི་གཏམ་རྒྱུད་ལས་གསལ་པོ་ཤེས་ཐུབ་པ་བཞིན་ནོ།།