ཉེ་ལམ། ཀུ་ཤུ་བཟོ་ཚོང་ཁང་གིས་ཉེར་སྤྱོད་མ་ལག་ཐོན་གསར་པ་དངོས་སུ་འགྲེམ་སྤེལ་གནང་ཡོད་པས། iOS26 ལ་སྒུག་ནས་མི་འདུག་པར། མྱུར་དུ་ཉེར་སྤྱོད་མ་ལག་iOS18.6 ཐོག་ལ་གསར་སྣོན་བྱེད་དགོས།
ཁ་སང་དེ་རིང་འཛད་སྤྱོད་པ་མང་པོ་ཞིག་གིས་འབྱུང་འགྱུར་གྱི ་iOS26 ནང་དུ་དམིགས་བསལ་གྱི་ཁྱད་ཆོས་གང་དག་ཡོད་མེད་ཀྱི་སྐོར་ལ་གླེང་སློང་བྱེད་བཞིན་ཡོད་ཀྱང་། ད་ལྟ་དེ་ལས་ཀྱང་གལ་ཆེ་བ་ནི། སོ་སོའི་བདེ་འཇགས་ཀྱི་ཆེད་དུ། མ་ལག་iOS18.6་ཐོག་ཏུ་གསར་སྣོན་བྱེད་རྒྱུ་དེ་ཡིན། གང་ཡིན་ཞེ་ན། མ་ལག iOS18.6 ནང་དུ་བདེ་འཇགས་དང་འབྲེལ་བའི་ལེགས་བཅོས་གྲངས་24 བྱས་ཡོད་ཚུལ་གྱི་གནས་ཚུལ་ཐོན་ཡོད་ལ། དེ་དག་གི་ཁོངས་སུ།
- ཀླད་གོར་ཉིན་མོའི་སྐྱོན་ཆ་དང་། ཁྱེད་ཀྱི་ཁ་པར་གྱི་གསང་གྲངས་སྐད་ཀྱི་ལམ་ནས་ཀློག་འདོན་བྱེད་པའི་སྐྱོན་ཆ། ཀུ་ཤུ་ཁ་པར་ནང་གི་སྔར་ཡོད་ཀྱི་ས་ཧྥ་རེ་(Safari)བཤེར་ཆས་ཁོངས་སུ་ཡོད་པའི་བདེ་འཇགས་ཀྱི་སྐྱོན་ཆ་སོགས་ཚུད་ཡོད།
གནས་ཚུལ་ཁ་སྣོན། ཀླད་གོར་ཉིན་མོའི་སྐྱོན་ཆ་ནི། འཕྲུལ་རིག་ཆེད་མཁས་པ་དང་མ་ལག་བཟོ་སྐྲུན་བྱེད་མཁན་ཚོས་ཤེས་རྟོགས་མ་བྱུང་བའི་མཉེན་ཆས་ཁོངས་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་ཞིག་ལ་ཟེར་ཞིང་། སྐྱོན་ཆ་དེ་ཁོང་ཚོས་ད་དུང་ངོས་འཛིན་བྱེད་ཐུབ་མེད་སྟབས། ཁོང་ཚོར་སྐྱོན་ཆ་དེ་བཅོས་སྒྲིག་བྱེད་ཐབས་ཀྱི་ལག་རྩལ་གང་ཡང་གྲ་སྒྲིག་མེད། རྒྱུ་མཚན་དེའི་དབང་གིས། དྲ་ཐོག་གི་ཉེས་ཅན་པ་ཚོས་སྐྱོན་ཆ་དེ་གོ་སྐབས་སུ་བཟུང་སྟེ་འཛད་སྤྱོད་པའི་ཐོག་ཏུ་འཇབ་རྒོལ་རྩོམ་གྱི་ཡོད།
གལ་ཏེ། ཁྱེད་ཀྱིས་སོ་སོའི་ཁ་པར་གྱི་ཉེར་སྤྱོད་མ་ལག་གསར་སྣོན་མ་བྱས་ཚེ། ས་ཧྥ་རེ་བཤེར་ཆས་བརྒྱུད་ནས་ཁྱེད་རང་སྒེར་གྱི་གསང་བའི་ཆ་འཕྲིན་མང་དག་ཕྱི་ལ་ཤོར་འགྲོ་བའི་ཉེན་ཁ་ཡོད་འདུག གང་ལྟར་ཁྱེད་ཀྱིས་མ་ལག་ཐོན iOS18.6 ཐོག་ཏུ་གསར་སྣོན་བྱས་ཚེ། མ་ལག་ཐོན་རྙིང་པའི་ཁོངས་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་20ལྷག་ཙམ་གཙང་སེལ་བྱེད་ཐུབ་ཀྱི་ཡོད་པ་རེད།
མ་ལག་གསར་སྣོན་བྱེད་དགོས་དོན་གང་ཡིན་ནམ།
མ་ལག་ཐོན་རྙིང་པའི་ནང་དུ་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་སྣ་མང་ཡོད་སྟབས། དྲ་ཇག་ཚོས་སྐྱོན་ཆ་དེ་དག་བེད་སྤྱད་དེ་མི་གཞན་ལ་གནོད་འཚེ་གཏོང་མུས་ཡིན་པས། མྱུར་དུ་ཉེར་སྤྱོད་མ་ལག་iOS18.6 ཐོག་ལ་གསར་སྣོན་མ་བྱས་ན། རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ། གཅིག་བྱས་ན། ཁྱེད་ཀྱིས་iOS26་ལ་སྒུག་བཞིན་ཡོད་ངེས་ཀྱང་། ད་ལྟ་མ་ལག་ཐོན 18.6 ཐོག་ལ་གསར་སྣོན་བྱེད་རྒྱུ་གལ་ཆེ་ཤོས་ཡིན། གང་ཡིན་ཞེ་ན། ཀུ་ཤུ་བཟོ་ཚོང་ཁང་གིས་མ་ལག་གསར་སྣོན་གྱི་ཁྱད་ཆོས་དེ་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་བཟོས་ཡོད།
✅ གསར་སྣོན་བྱེད་ཐབས།
སྒྲིག་འགོད་ (设置)→ རྒྱུན་སྤྱོད(通用) → མཉེན་ཆས་གསར་སྣོན(软件更新)་གྱི་ཐོག་ཏུ་ནོན།
གསར་སྣོན་གྱི་གོ་རིམ་ཁྲོད་དུ། ཁྱེད་ཀྱི་ཁ་པར་ཐེངས་ཁ་ཤས་ལ་བསྐྱར་དུ་འགོ་འཛུགས་བྱེད་སྲིད།
གསར་སྣོན་བྱས་ཚར་ན། རང་ཉིད་ཀྱི་ཁ་པར་སྲུང་སྐྱོབ་ཡག་པོ་བྱེད་ཐུབ།
གསར་སྣོན་གྱི་གོ་རིམ་ལས་སླ་པོ་ཡིན་ལ། སྐར་མ་འགའ་ཤས་མ་གཏོགས་འགོར་གྱི་མེད།
མདོར་བསྡུས་ན། ཁྱེད་རང་གིས་iOS26 སྒུག་བཞིན་ཡོད་པའི་རྐྱེན་གྱིས། iOS18.6 གསར་སྣོན་བྱེད་རྒྱུ་སྣང་ཆུང་མ་གཏོང་རོགས།