གསང་མྱུལ་དྲ་འབུ་ངོས་འཛིན་བྱེད་ཐབས།

(མུ་འགོད་རྩོམ་ཡིག་ཁག་གསུམ་པ།)

གལ་ཏེ། ཁྱེད་ཀྱི་ཀུ་ཤུ་དང་ཨན་ཌོ་ཁ་པར་གང་རུང་གི་ནང་དུ་གསང་མྱུལ་དྲ་འབུ་འཛུལ་ཡོད་ཚེ། སྤྱིར་བཏང་གི་རྟགས་མཚན་ཁ་ཤས་བརྒྱུད་ནས་ཤེས་ཐུབ།


གློག་རྫས་གང་མགྱོགས་རྫོགས་འགྲོ་བའི་སྣང་ཚུལ།


གསང་མྱུལ་དྲ་འབུ་དང་དེ་མིན་གྱི་ཁ་པར་དང་རྩིས་འཕྲུལ་ནང་གི་ནད་དུག་ཁག་གིས་ཁྱེད་ཀྱི་གློག་ཆས་ཀྱི་རྒྱབ་ལྗོངས་སུ་ལྐོག་ནས་ལས་ཀ་བྱེད་ཀྱི་ཡོད་སྟབས། ཁྱེད་ཀྱིས་ཁ་པར་རྒྱུན་རིང་པོར་བཀོལ་སྤྱོད་མ་བྱས་ཀྱང་། གློག་མགྱོགས་པོར་རྫོགས་འགྲོ་ངེས།


ཁ་པར་ནང་གི་དྲ་མགྱོགས་པོར་རྫོགས་འགྲོ་བའི་སྣང་ཚུལ།

གསང་མྱུལ་དྲ་འབུས་འཛད་སྤྱོད་པའི་ཁ་པར་ནང་གི་གཞི་གྲངས་ཁག་གསང་མྱུལ་བྱེད་མཁན་གྱི་རྒྱང་རིང་གི་ཉེས་ཅན་པར་བརྒྱུད་གཏོང་བྱེད་ཀྱི་ཡོད་སྟབས། ཁ་པར་ནང་གི་དྲ་ནམ་རྒྱུན་ལས་མང་བ་རྫོགས་འགྲོ་བའི་སྣང་ཚུལ་འབྱུང་ངེས།


ཁ་པར་གྱི་དྲོད་ཚད་རྒྱས་པ།

གསང་མྱུལ་དྲ་འབུས་ཁ་པར་གྱི་རྒྱབ་ལྗོངས་ནས་བྱེད་ལས་རྒྱུན་ཆད་མེད་པར་རྩོམ་གྱི་ཡོད་སྟབས། ཁ་པར་ལ་ནམ་རྒྱུན་དང་མི་འདྲ་བར་དྲོད་ཚད་ཤུགས་ཆེར་འཕར་ངེས་ཀྱི་ཡོད།


ཁ་པར་ཇེ་དལ་དུ་འགྲོ་བའམ་འགག་པ།

ཁ་པར་གྱི་བྱེད་ལས་ཇེ་དལ་དུ་སོང་ཡོད་པའམ། ཁ་པར་ནང་གི་མཉེན་ཆས་ཁག་ཡང་དང་བསྐྱར་དུ་སྒོ་བརྒྱབ་འགྲོ་བ་དང་འགག་པའི་སྣང་ཚུལ་བྱུང་ཚེ། མི་གཞན་གྱིས་ལྐོག་ནས་གསང་མྱུལ་གྱི་མཉེན་ཆས་ཁྱེད་ཀྱི་ཁ་པར་ནང་དུ་བཅུག་ཡོད་པའི་རྟགས་ཡིན།


སྤྱིར་བཏང་མིན་པའི་སྐད་སྒྲ་དང་བྲག་ཅ།

ཁྱེད་ཀྱིས་མི་གཞན་པར་ཁ་པར་གཏོང་སྐབས། རྒྱབ་ནས་སྐད་སྒྲ་ཁྱད་མཚར་དེ་འདྲ་གོ་བ་ཡིན་ན། གཞན་གྱིས་ལྐོག་ནས་སྒྲ་ལེན་བཞིན་པའི་རྟགས་ཡིན།


ཆོག་མཆན་མེད་པའི་བྱེད་སྒོ།

ཁྱེད་ཀྱིས་ནང་འཇུག་མ་བྱས་པའི་མཉེན་ཆས་དེ་འདྲ་ཁ་པར་གྱི་ནང་དུ་མངོན་ཚེ། དོགས་ཟོན་བྱེད་དགོས།


ཁ་པར་གྱི་འཆར་ངོས་སུ་བརྡ་ཁྱབ་ཡ་མཚན་དེ་འདྲ་ཡང་དང་བསྐྱར་དུ་མངོན་ཡོང་བ།

ཁ་པར་གྱི་འཆར་ངོས་སུ་བརྡ་ཁྱབ་ཁྱད་མཚར་དེ་འདྲ་མངོན་ཡོང་སྐབས། ཉེས་ཅན་པས་ཁྱེད་ཀྱི་ཁ་པར་ནང་དུ་གསང་མྱུལ་དྲ་འབུ་ནང་འཇུག་བྱེད་ཀྱི་ཡོད་སྲིད།

ཐེངས་རྗེས་མའི་རྩོམ་ཡིག་ནང་དུ། གསང་མྱུལ་དྲ་འབུ་མེད་པར་བཟོ་ཐབས་སྐོར་གླེང་རྒྱུ་ཡིན་པས། དྲ་གྲོགས་ཚོས་དོ་སྣང་མཛོད།

Leave a Reply

Your email address will not be published. Required fields are marked *