ཧེང་ཀྲིག་གཏིང་ཟབ་འཚོལ་ཞིབ་མིས་བཟོས་རིག་ནུས(杭州深度求索人工智能基础技术研究有限公司)་གཞི་རྩའི་འཕྲུལ་རིག་ཉམས་ཞིབ་ཁང་ནི། སྤྱི་ལོ་༢༠༢༣་ལོར་ཨ་སྒོར་ས་ཡ་དྲུག་གི་མ་རྩ་བེད་སྤྱད་དེ་གསར་དུ་རྩ་འཛུགས་བྱས་པའི་བཟོ་ལས་ཁང་ཞིག་ཡིན་ལ། བཟོ་ཚོང་ཁང་འདིས་འདོན་སྤེལ་བྱས་པའི་མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་གཡོ་འཁྱོམ་ཐེངས་ཤིག་བཟོས་ཡོད།
OpenAI བཟོ་ཚོང་ཁང་གིས་ཨ་སྒོར་ས་ཡ་བརྒྱ་ལྷག་གི་མ་རྩ་བེད་སྤྱད་དེ་Chat GPT ་མིས་བཟོས་རིག་ནུས་བཟོ་སྐྲུན་བྱས་པ་ཡིན་ལ། རིག་ནུས་འདི་ད་ལྟའི་ཆར་འཛམ་གླིང་ནང་གི་མིས་བཟོས་རིག་ནུས་ཚད་མཐོ་ཤོས་དང་ནུས་པ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། ལོ་གཉིས་མ་གཏོགས་འགོར་མེད་པའི་གཏིང་ཟབ་འཚོལ་ཞིབ་མིས་བཟོས་རིག་ནུས་འདི་ཁྲོམ་རར་སླེབས་དུས། འགྲན་རྩོད་ཀྱི་ཞེད་སྣང་གིས་ཨ་རིའི་མ་རྐང་ཁྲོམ་རའི་རིན་ཐང་ཨ་སྒོར་ཐེར་འབུམ་༢་གཉིས་ལྷག་ཤུལ་མེད་དུ་བཟོས་ཡོད། གང་ཡིན་ཞེ་ན། ཨ་རིའི་ནང་གི་འཕྲུལ་རིག་བཟོ་ལས་ཁང་ཆེ་ཁག་གིས་དྲ་ལམ་གྱི་འཚོལ་བཤེར་དང་། སྤྲིན་མཛོད། ད་དུང་དེ་མིན་གྱི་ཞབས་ཞུ་མང་པོ་ཞིག་མིས་བཟོས་རིག་ནུས་ལ་ཤུགས་ཆེར་བརྟེན་ཡོད་པས། Chat GPT ་མིས་བཟོས་རིག་ནུས་ལྟ་བུ་ལའང་འགྲན་རྩོད་བྱེད་ནུས་པའི་གྲངས་རིག་གི་རྩིས་ཚུལ་ཚད་མཐོ་བོ་ཞིག་སླེབས་དུས། དེས་འཕྲུལ་རིག་བཟོ་ཚོང་ཁང་ཚང་མའི་ཁྲོམ་རའི་དབང་ཤུགས་དང་གོ་གནས་ལ་ཉེན་ཁ་བཟོས་ཡོད།
གཏིང་ཟབ་འཚོལ་ཞིབ་(DeepSeek)དེ་མིས་བཟོས་རིག་ནུས་ཀྱི་ཁྲོམ་རའི་ནང་གི་འགྲན་རྩོད་ཀྱི་དོ་ཟླ་གལ་ཆེན་ཞིག་ཏུ་གྱུར་ཡོད་རུང་། འཕྲུལ་རིག་གི་མ་ལག་གང་ཡིན་རུང་དེ་ལ་དགེ་སྐྱོན་གཉིས་ཀ་ཡོད་པས། དེ་དག་རེ་རེ་བཞིན་གླེང་ན།
དང་པོ། གཏིང་ཟབ་འཚོལ་ཞིབ་(DeepSeek)་ལ་ChatGPT དང་། Google Gemini Claude་སོགས་དང་ཆ་འདྲ་བར་ཚད་མཐོ་བའི་བྱེད་ནུས་ལྡན་པ་མ་ཟད། མ་རྩ་ཆུང་ངུ་ཞིག་གི་སྟེང་ནས་ནུས་པ་ཧ་ཅང་ཆེ་བའི་འཕྲུལ་མི་ཞིག་བཟོས་ཡོད་པར་བརྟེན། མ་འོངས་པར་འཛད་སྤྱོད་པ་དང་ཚོང་ལས་སྡེ་ཁག་ལ་རིན་གོང་ཆུང་བའི་མིས་བཟོས་རིག་ནུས་ཀྱི་ཞབས་ཞུ་སྣ་ཚོགས་མཁོ་སྤྲོད་བྱེད་ཐུབ་པའི་ནུས་པ་ཡོད་སྲིད།
གཉིས་པ། གཏིང་ཟབ་འཚོལ་ཞིབ་མིས་བཟོས་རིག་ནུས་ཀྱི་རྩིས་རིག་དང་དངོས་ཁམས་སོགས་ཀྱི་རྙོག་འཛིང་ཆེ་བའི་དྲི་བ་ཁག་ལ་ལན་འདེབས་བྱེད་པའི་ནུས་པ་ནུབ་གླིང་གི་མིས་བཟོས་རིག་ནུས་ཁག་དང་བསྡུར་ན་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
གསུམ་པ། འཛད་སྤྱོད་པས་རེ་སྐུལ་དང་དྲི་བ་འདོན་ཆོག་པའི་གྲངས་ཀར་ཚོད་འཛིན་དང་ཚད་བཀག་གང་ཡང་མེད་པའི་ཁྱད་ཆོས་ལྡན།
བཞི་པ། གཞི་གྲངས་དང་གསང་རྒྱའི་སྐོར་གྱི་སེམས་འཚབ།
གཏིང་ཟབ་འཚོལ་ཞིབ་ཟེར་བའི་མིས་བཟོས་རིག་ནུས་ཀྱིས་འཛད་སྤྱོད་པའི་མིང་དང་། ཡིག་ཟམ་ཨང་གྲངས། ཁ་པར་ནང་གི་འབྲེལ་གཏུག་མི་སྣའི་ཞིབ་ཕྲའི་གནས་ཚུལ། IP ཁ་བྱང་།(IP ཁ་བྱང་བརྒྱུད་ནས་མི་སྒེར་གྱི་སྡོད་གནས་གཏན་འཁེལ་བྱེད་ནུས།) ཁ་པར་གྱི་ཚོང་རྟགས་སོགས་བསྡུ་རུབ་བྱེད་ཀྱི་ཡོད་པ་མ་ཟད། མི་སྒེར་གྱིས་རིག་ནུས་ཀྱི་མ་ལག་འདི་ཇི་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད། གནས་ཚུལ་གང་དག་འཚོལ་གྱི་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཡང་ཕྱོགས་བསྡུས་བྱེད་ཀྱི་ཡོད།
དེ་མ་ཟད། མ་ལག་འདིའི་གཞི་གྲངས་ཀྱི་མཛོད་ཁོངས་རྒྱལ་ནང་དུ་ཡོད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཀྱི་ནང་དུ། གལ་ཏེ། སྲིད་གཞུང་གིས་རེ་སྐུལ་ཞུས་ཚེ། ཚོང་ལས་སྤྱི་གཉེར་ཁང་ཁག་གིས་མི་སྒེར་གྱི་གཞི་གྲངས་ཡར་རྩིས་སྤྲོད་བྱེད་དགོས་པ་གསལ་ཡོད་སྟབས། མི་མང་པོ་ཞིག་གིས་མི་སྒེར་གྱི་གསང་རྒྱའི་གནད་དོན་སྐོར་ལ་སེམས་འཚབ་བྱེད་ཀྱི་ཡོད།
ལྔ་པ། ཆ་འཕྲིན་བཀག་སྡོམ་དང་གསང་མྱུལ་གྱི་སེམས་འཚབ།
སྤྱིར་མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་སྟེང་གི་ཆ་འཕྲིན་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ཏེ། འཛད་སྤྱོད་པའི་དགོས་མཁོ་ལྟར། གནད་དོན་བྱེ་བྲག་པ་ཞིག་གི་སྐོར་ལ་ཕྱོགས་ལྷུང་དང་ཆད་ལྷག་གང་ཡང་མེད་པའི་ཐོག་ནས་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད། Chat GPT ལྟ་བུའི་འཛམ་གླིང་སྟེང་གི་གྲགས་ཆེ་བའི་མིས་བཟོས་རིག་ནུས་ཀྱི་མ་ལག་དང་གཏིང་ཟབ་འཚོལ་ཞིབ་གཉིས་ཀྱི་འཕྲུལ་ཆས་བར་ལ་ཁྱད་པར་མེད་རུང་། འདི་གཉིས་ཀས་མཁོ་སྤྲོད་གནང་བའི་ཆ་འཕྲིན་གྱི་བར་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད། གཏིང་ཟབ་འཚོལ་ཞིབ་ཀྱི་མ་ལག་གི་ཁོངས་ནས། ནམ་རྒྱུན་བརྒྱ་འདུས་བཤེར་ཆས་(百度浏览器)ཀྱི་ནང་ནས་རྙེད་པའི་ཕྱོགས་གཅིག་གི་ཆ་འཕྲིན་ཙམ་མ་གཏོགས། དེ་ལས་ལྷག་པའི་རྒྱལ་སྤྱིའི་སྟེང་གི་ཆ་འཕྲིན་གསར་པ་གང་ཡང་མི་རྙེད་པས། གཏིང་ཟབ་འཚོལ་ཞིབ་ཟེར་བའི་མིས་བཟོས་རིག་ནུས་ཀྱི་མ་ལག་འདི་ལ་རྒྱབ་ཕྱོགས་ནས་མིས་ཚོད་འཛིན་དང་བཀག་སྡོམ་བྱེད་ཀྱི་ཡོད་པ་ཁ་གསལ་ཡིན།
ཕྱོགས་གཞན་ཞིག་ནས། འཕྲུལ་མི་འདིས་གྲངས་རིག་གི་རྩིས་ཚུལ་བེད་སྤྱད་དེ། འཛད་སྤྱོད་པའི་གནས་ཚུལ་འཚོལ་བཤེར་གྱི་ལོ་རྒྱུས་ལ་གཞིགས་ཏེ། མི་སྒེར་གྱི་བསམ་བློ་གཏོང་ཕྱོགས་དང་དྲ་ཐོག་གི་གོམས་གཤིས་རྩད་ཞིབ་བྱེད་ངེས་པས། ཁྱེད་ཀྱིས་མ་ལག་འདིའི་སྟེང་དུ་གནས་ཚུལ་ཇི་ཙམ་གྱིས་མང་བ་བཙལ་ན། ཁོང་ཚོས་ཁྱེད་རང་སྐོར་གྱི་གནས་ཚུལ་དེ་ཙམ་གྱིས་མང་བ་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད། ད་དུང་དེ་མ་ཚད། ཁྱེད་ཀྱིས་དུས་རྒྱུན་དུ་གནས་ཚུལ་གང་དག་འཚོལ་བཤེར་བྱེད་ཀྱི་ཡོད་མེད་ལ་བལྟས་ནས། ཁྱེད་ཀྱི་ཐོག་ཏུ་གསང་མྱུལ་བྱེད་སྲིད་ལ། ཁྱེད་རང་རྗེས་འདེད་ཀྱང་གཏོང་ངེས།
མཐའ་སྡོམ།
མིས་བཟོས་རིག་ནུས་ཀྱི་མ་ལག་གང་ཡིན་ཡང་དེ་ལ་བཟང་ངན་གཉིས་ཀྱི་ཆ་ལྡན་པས། འཛད་སྤྱོད་པས་བཀོལ་སྤྱོད་བྱེད་སྐབས། མཁོ་སྤྲོད་གནང་བའི་ཆ་འཕྲིན་གྱི་ནང་དོན་ཁག་མཐའ་གཅིག་ཏུ་དང་ལེན་བྱེད་པ་མ་ཡིན་པར། རང་གི་ནུས་ཚོད་ཀྱིས་དོགས་སློང་བྱེད་དགོས་པ་ཞིག་ཏུ་སྣང་ངོ་།།