བཀོལ་ཆས APP

བཀོལ་ཆས་ཀྱིས་བྱེད་ལས་ཇི་ལྟར་རྩོམ་གྱི་ཡོད།

བཀོལ་ཆས་ནི་འཕྲུལ་ཆས་ཀྱི་དུས་རབས་སུ་མིའི་རིགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་བྱེད་ཀྱི་ལག་ཆ་ཞིག་ཆགས་ཡོད། དེ་བས། འདིར་བཀོལ་ཆས་ནི་ཅི་ཞིག་ཡིན་མིན་དང་། བཀོལ་ཆས་ཀྱི་དབྱེ་བ། བྱེད་ལས་སོགས་ཀྱི་ཐད་ནས་ཅུང་ཙམ་ཞིག་གླེང་འདོད།

བཀོལ་ཆས་ནི་ཅི་ཞིག་ཡིན།

 བཀོལ་ཆས་སམ  APP ནི་དབྱིན་ཡིག་གི་ཐ་སྙད་“application”ཀྱི་བསྡུས་ཚིག་ཅིག་ཡིན། བཀོལ་ཆས་ནི་མཉེན་ཆས་ཀྱི་ཐུམ་བུ་ཞིག་ཡིན་ལ། དེ་རྩིས་འཕྲུལ་དང་། ཁ་པར། རྩིས་འཕྲུལ་ལེབ་མོ་སོགས་ཀྱི་སྟེང་དུ་ཕབ་ལེན་བྱས་ཚེ། འཛད་སྤྱོད་པར་དམིགས་བསལ་གྱི་བྱེད་ལས་སྣ་ཚོགས་རྩོམ་དུ་འཇུག་ནུས། བཀོལ་ཆས་ཁག་གི་ཇུས་འགོད་བྱེད་སྟངས་མི་འདྲ་སྟེ། དཔེར་ན། ཨན་ཌོ་ཁ་པར་ནང་གི་བཀོལ་ཆས་ཁག་བྱ་རིམ་གྱི་སྐད་ཡིག་Kotlin, Java, and C++སོགས་ཀྱི་ནང་དུ་བྲིས་ཡོད་ལ། ཀུ་ཤུ་མ་ལག་གི་བཀོལ་ཆས་ཁག་Swift དང་། Objective-C སོགས་ཀྱི་ནང་དུ་བྲིས་ཡོད། 

བཀོལ་ཆས་ཀྱི་དབྱེ་བ། 

ཁ་པར་ནང་གི་བཀོལ་ཆས་ཀྱི་བྱེད་ལས་རྩོམ་སྟངས་ག་འདྲ་ཡིན་མིན་མ་གླེང་གོང་། བཀོལ་ཆས་ཀྱི་དབྱེ་བ་ངོས་ཟིན་ཐུབ་རྒྱུ་དེའང་གལ་ཆེ་བས། དེའི་སྐོར་ལ་རོབ་ཙམ་བཤད་འདོད། 

བཀོལ་ཆས་ཁག་ཅིག་རྩིས་འཕྲུལ་(Desktop App)གཅིག་པུའི་སྟེང་དུ་མ་གཏོགས་བཀོལ་མི་ཐུབ་ལ། ཡང་བཀོལ་ཆས་ཁག་ཅིག་ཁ་པར་(Mobile App)གཅིག་པུའི་སྟེང་ནས་མ་གཏོགས་བཀོལ་མི་ཐུབ། བཀོལ་ཆས་ཁག་ཅིག་ཁ་པར་གྱི་ཚོང་རྟགས་གཅིག་ཁོ་ནར་དམིགས་ཏེ་འཆར་འགོད་བྱས་ཡོད། དཔེར་ན། ཨན་ཌོ་ཁ་པར་ལ་དམིགས་ཏེ་བཟོས་པའི་བཀོལ་ཆས་ཁག་ཀུ་ཤུ་ཁ་པར་གྱི་ནང་དུ་སྤྱོད་མི་ཐུབ་པ་ལྟ་བུ་རེད། དྲ་བའི་རྨང་གཞི་སྟེང་གི་བཀོལ་ཆས་(Web-based app)ནི་ཁ་པར་གྱི་ནང་དུ་ཕབ་ལེན་བྱེད་མ་དགོས་པར། དྲ་རྒྱ་བཤེར་ཆས་བརྒྱུད་ནས་བཀོལ་སྤྱོད་བྱེད་ཆོག་པའི་བཀོལ་ཆས་ཀྱི་རིགས་གཞན་ཞིག་ཡིན་ལ། བཀོལ་ཆས་འདིའི་རིགས་ཀྱིས་གཞི་གྲངས་ཁག་དྲ་རྒྱའི་ཞབས་ཞུ་ཆས་ཀྱི་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད་སྟབས། འཛད་སྤྱོད་པའི་ཁ་པར་གྱི་ཤོངས་ཚད་ལ་ཁྱད་པར་གང་ཡང་མི་བཟོ།

ཁ་པར་ནང་གི་བཀོལ་ཆས་ཀྱི་བྱེད་ལས་རྩོམ་སྟངས།

བཀོལ་ཆས་རེ་རེའི་བར་ལ་ཁྱད་པར་ཡོད་ཀྱང་། ཚང་མས་གཞི་རྩའི་གོ་རིམ་གཅིག་མཚུངས་བརྩི་སྲུང་བྱེད་ཀྱི་ཡོད། བཀོལ་ཆས་ཤིག་གིས་མཉེན་ཆས་འདྲ་མིན་གྱི་ཁྱད་ཆོས་སྣ་ཚོགས་ཤིག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁ་པར་གྱི་ནང་དུ་སྤྱོད་བདེ་བ་དང་ལས་ཀ་མགྱོགས་པོ་བྱེད་ཐུབ་པ་བཟོས་ཡོད་ལ། དྲ་ཚིགས་ཀྱི་སྟེང་དུ་མི་ཚོས་བཀོལ་སྤྱོད་བྱེད་ཀྱི་མེད་པའི་ཁྱད་ཆོས་ཁག་མེད་པར་བཟོ་གི་ཡོད། 

བཀོལ་ཆས་ཀྱིས་གཞི་གྲངས་ཀྱི་རིགས་གང་དག་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད། 

བཀོལ་ཆས་ཤིག་གིས་བྱེད་ལས་རྩོམ་པར། མངོན་ལྐོག་གང་རུང་ནས་འཛད་སྤྱོད་པའི་ཁ་པར་སྟེང་གི་གཞི་གྲངས་གང་དག་བསྡུ་ལེན་བྱེད་ཆོག་མིན་གྱི་ཆོག་མཆན་སྣ་ཚོགས་ཤིག་ཞུ་ངེས།  བཀོལ་ཆས་ཁག་ཅིག་གིས་བཀོལ་ཆས་དེས་བྱེད་ལས་རྩོམ་པར་ངེས་པར་དུ་དགོས་པའི་ཆོག་མཆན་ཁོ་ན་མ་གཏོགས་མི་ཞུ་རུང་། བཀོལ་ཆས་ལ་ལ་ཞིག་གིས་བཀོལ་ཆས་གང་དེའི་བྱེད་ལས་དང་འབྲེལ་བ་གཏན་ནས་མེད་པའི་ཆོག་མཆན་རིགས་ཞུ་བཞིན་ཡོད།

བཀོལ་ཆས་ཤིག་ཕབ་ལེན་བྱེད་པ་ནི། རང་ཉིད་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པའི་ཆེད་དུ་སྒེར་གྱི་གཞི་གྲངས་གཞན་གྱི་ལག་པར་འཇོག་པའི་ཕར་སྤྲོད་ཚུར་ལེན་གྱི་ཉོ་ཚོང་ཞིག་ཡིན། དེ་བས། བཀོལ་ཆས་ཀྱི་ཆོག་མཆན་ལ་དོ་སྣང་བྱས་ཏེ། འབྲེལ་མེད་ཀྱི་ཆོག་མཆན་རིགས་རང་ངོས་ནས་བཀག་སྡོམ་བྱེད་དགོས། དཔེར་ན། རྩིས་རྒྱག་འཕྲུལ་ཆས་ཀྱི་བཀོལ་ཆས་ཤིག་གིས་ཁྱེད་ཀྱི་སྡོད་གནས་ཤེས་ཆོག་པ་དང་། ཁ་པར་ནང་གི་འཕྲིན་ཐུང་ཀློག་ཆོག་པ། པར་མཛོད་ནང་དུ་འཛུལ་ཆོག་པའི་ཆོག་མཆན་ལེན་གྱི་ཡོད་ཚེ། ཆོག་མཆན་དེ་དག་བཀོལ་ཆས་དེའི་བྱེད་ལས་དང་འབྲེལ་བ་གཏན་ནས་མེད་པས། ཆོག་མཆན་དེའི་རིགས་བཀག་འགོག་བྱེད་དགོས། ག་དུས་ཡིན་ཡང་། བཀོལ་ཆས་ཤིག་གི་བྱེད་ལས་དང་དེས་ལེན་བཞིན་པའི་ཆོག་མཆན་གྱི་བར་ལ་འབྲེལ་བ་ཡོད་མེད་དབྱེ་ཞིབ་བྱེད་དགོས།

བཀོལ་ཆས་ཁག་གནས་གང་ནས་ཕབ་ལེན་བྱེད་དགོས།

བཀོལ་ཆས་ཁག་གནས་འདྲ་མིན་སྣ་ཚོགས་ནས་ཕབ་ལེན་བྱེད་ཐུབ་ཀྱང་། གཞུང་ཕྱོགས་ཀྱི་བཀོལ་ཆས་ཚོང་ཁང་ནས་ཕབ་ལེན་བྱས་ན་རང་ཉིད་ཀྱི་བདེ་འཇགས་ལ་ཕན། གང་ཡིན་ཞེ་ན། གཞུང་ཕྱོགས་ཀྱི་བཀོལ་ཆས་ཚོང་ཁང་གིས་བཀོལ་ཆས་ཚང་མ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་ཉེན་ཁ་སྔོན་འགོག་བྱེད་ཀྱི་ཡོད། ཕྱོགས་གསུམ་པའི་བཀོལ་ཆས་ཕབ་ལེན་བྱེད་ས་ནས་རང་ཉིད་ལ་དགོས་པའི་བཀོལ་ཆས་གང་རུང་ཞིག་ཕབ་ལེན་བྱེད་ཐུབ་རུང་། དེའི་ནང་དུ་མཉེན་འབུ་བཅུག་ཡོད་པའི་ཉེན་ཁ་ཡོད།

མཇུག་སྡོམ།

བཀོལ་ཆས་ཁག་གིས་ཁྱེད་ཀྱི་འཚོ་བར་སྟབས་བདེ་བསྐྲུན་གྱི་ཡོད་རུང་། ཁ་པར་གྱི་ནང་དུ་བཀོལ་ཆས་ཀྱི་གྲངས་ཀ་ཅི་ཙམ་གྱིས་མང་ན། དེ་ཚོ་བརྒྱུད་ནས་འཕྲད་སྲིད་པའི་ཉེན་ཁ་དེ་ཙམ་གྱིས་ཆེ་བ་ཡོད་པ་མ་ཟད། ཁ་པར་གྱི་བྱེད་ལས་དལ་དུ་གཏོང་ངེས། དེ་བས། རང་ཉིད་ལ་ངེས་པར་དུ་དགོས་པའི་བཀོལ་ཆས་ཁག་གཞུང་ཕྱོགས་ཀྱི་བཀོལ་ཆས་ཚོང་ཁང་ཁོ་ན་ནས་ཕབ་ལེན་བྱེད་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། བཀོལ་ཆས་དེ་དག་དུས་ཐོག་ཏུ་གསར་སྣོན་བྱེད་རྒྱུ་མ་བརྗེད་པ་གནང་དགོས། 

Leave a Reply

Your email address will not be published. Required fields are marked *