གློག་རྡུལ་བྱང་བུའི་དུས་རབས། 

ཀུ་ཤུ་དང་སེམས་སོང་སོགས་འཛམ་གླིང་གི་ཁ་པར་བཟོ་ལས་ཁང་ཆེ་ཁག་གིས། ད་ཆ་ཁ་པར་ཚང་མའི་ནང་དུ་ཡོད་པའི་འགྱིག་གི་བྱང་བུ་དེ་མེད་པར་བཟོས་ཏེ། དེའི་ཚབ་ཏུ་གློག་རྡུལ་གྱི་བྱང་བུ་བཟོ་བཞིན་ཡོད་ལ། འཕྲུལ་རིག་ལག་རྩལ་འདི་ལེགས་འགྲུབ་བྱུང་ཚེ། བཟོ་ལས་ཁང་ཆེ་ཁག་འདི་དག་གིས་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་འགྲུལ་བཞུད་བྱེད་མཁན་གྱི་མི་ཚོའི་འཚོ་བར་སྟབས་བདེ་བསྐྲུན་ཐུབ་པ་ཟད། ཁ་པར་ཨང་གྲངས་ལས་སླ་པོའི་ཐོག་ནས་བརྗེ་ཐུབ་ཀྱི་ཡོད་སྐོར་བརྗོད་ཀྱི་འདུག

གློག་རྡུལ་བྱང་བུ་ནི་ཅི་ཞིག་ཡིན།


གློག་རྡུལ་བྱང་བུ་མ་གླེང་བའི་གོང་དུ། བྱང་བུའི་སྐོར་ལ་མཚམས་སྦྱོར་ཐུང་ཐུང་ཞིག་བྱེད་འདོད།

བྱང་བུ་ནི་སྤྱི་ལོ་༡༩༩༠་ཡས་མས་སུ་བྱུང་ཞིང་། དང་ཐོག་དངུལ་བྱང་གི་ཆེ་ཆུང་ཙམ་ཞིག་ཡོད། དེ་ནས་རིམ་བཞིན་འགྱུར་བ་ཕྱིན་ཏེ། དེང་སང་གི་སེན་མོའི་ཆེ་ཆུང་ཙམ་ཞིག་ཡོད་པ་འདིར་གྱུར་བ་རེད། བྱང་བུ་རེ་རེར་རྒྱལ་སྤྱིའི་འཛད་སྤྱོད་པའི་ID་རེ་སྤྲད་ཡོད། དེ་བརྒྱུད་ནས་ང་ཚོ་ངོས་འཛིན་བྱེད་ཐུབ། འདི་ནས་ཕར་བརྩིས་པའི་ལོ་ཁ་ཤས་ཀྱི་ནང་དུ་བྱང་བུ་དེ་གཏན་དུ་མེད་པར་བཟོས་ཏེ། གློག་རྡུལ་གྱི་ངོ་བོར་བསྒྱུར་རྒྱུ་རེད། དེ་ལེགས་འགྲུབ་བྱུང་ཚེ། ཁ་པར་ནང་ནས་བྱང་བུ་ཕྱིར་འདོན་ཆོག་པའི་དུས་སྐབས་དེ་མཇུག་རྫོགས་ཚར་བ་རེད། གློག་རྡུལ་བྱང་བུའམ eSIM དེ་ག་འདྲ་ཞིག་ཡིན་ཟེར་ན། ཉིང་ལྷེབ་ཆུང་ཆུང་ཞིག་ཁ་པར་གྱི་ཁོག་པའི་ནང་དུ་དང་ཐོག་ནས་བཅུག་ཡོད་པ་དང་། དེ་དེང་སང་གི་བྱང་བུ་བཞིན་ཕྱིར་འདོན་མི་ཐུབ་རུང་། དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་(互联网服务供应商)གང་བཀོལ་སྤྱོད་བྱེད་རྒྱུ་ཡིན་མིན་འཛད་སྤྱོད་པ་སོ་སོའི་འདོད་མོས་ལྟར་བརྗེ་ཐུབ། 

གློག་རྡུལ་བྱང་བུའི་ཁེ་ཕན། 

༡ ༽ བྱང་བུ་མང་པོ་ཉར་ཐུབ།

འགྲུལ་བཞུད་བྱེད་དུས་ཧ་ཅང་སྟབས་བདེ་ཡིན་པ་དེ་གློག་རྡུལ་བྱང་བུའི་ཁེ་ཕན་གཙོ་བོ་དེ་ཆགས་ཡོད། གང་ཡིན་ཞེ་ན། སྔོན་མ་ནང་བཞིན་ཁ་པར་ཨང་གྲངས་རེ་བརྗེ་དུས་བྱང་བུ་གསར་པ་ཞིག་མངགས་མ་དགོས་པར། ཁྱེད་ཀྱིས་ཁ་པར་གཅིག་གི་སྟེང་ནས་ཁ་པར་ཨང་གྲངས་ཁ་ཤས་ནུས་ཡོད་བཟོས་ཏེ་བཀོལ་སྤྱོད་བྱེད་ཐུབ། དཔེར་ན། འདས་པའི་ཁ་པར་ཁག་གི་ནང་དུ་བྱང་བུ་གཉིས་ལས་ལྷག་བླུགས་ས་མེད་ཀྱང་། ད་ལྟའི་ཀུ་ཤུ་ཁ་པར་ཐོན་གསར་ཤོས་ཁག་གིས་གློག་རྡུལ་བྱང་བུ་གྲངས་༨་ཉར་ཚགས་བྱེད་ཐུབ་ལ། དེའི་ཁྲོད་ཀྱི་གློག་རྡུལ་བྱང་བུ་གང་རུང་གཉིས་བྱེད་ལས་རྩོམ་དུ་འཇུག་ནུས། དེ་བས། ཁྱེད་རང་རྒྱུན་དུ་འགྲུལ་བཞུད་བྱེད་མཁན་ཞིག་ཡིན་ན། གློག་རྡུལ་བྱང་བུས་ཁྱེད་ཀྱི་མི་ཚེར་སྟབས་བདེ་བསྐྲུན་ངེས་པ་གོར་མ་ཆག

༢ ༽ ཞབས་ཞུ་གཞན་པར་མགྱོགས་པོར་བརྗེ་ཐུབ།

གློག་རྡུལ་བྱང་བུའི་ནང་དུ་ཁ་པར་ཨང་གྲངས་ཁ་ཤས་ཤིག་ཉར་ཐུབ་ཀྱི་ཡོད་སྟབས། སྔར་བཞིན་བྱང་བུ་ཞིག་ཕྱིར་བཏོན་ནས་བྱང་བུ་གཞན་པ་ཞིག་འཇོག་མ་དགོས་པར། ཁ་པར་ཨང་གྲངས་དེ་དག་གི་ཁྲོད་ནས་གང་རུང་ཞིག་འདེམས་ཏེ་དེ་མ་ཐག་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། དེ་བས། རང་ཉིད་ཀྱིས་ནམ་རྒྱུན་བཀོལ་གྱི་ཡོད་པའི་ཁ་པར་ཨང་གྲངས་དེའི་སྟེང་ནས་བརྡ་རྟགས་མི་རྙེད་ཚེ། གློག་རྡུལ་བྱང་བུའི་ནང་གི་ཁ་པར་ཨང་གྲངས་གཞན་དག་གི་སྟེང་ནས་བརྡ་རྟགས་བཙལ་ཆོག

༣ ༽ སྒེར་དང་ལས་ཀའི་ཆེད་དུ་ཁ་པར་ལོགས་སུ་ཉར་མི་དགོས།

དེང་སང་ང་ཚོ་མི་མང་ཆེ་བས། སྒེར་གྱི་བཀོལ་སྤྱོད་ཀྱི་ཆེད་དུ་ཁ་པར་ཞིག་དང་། ལས་ཀའི་ཆེད་དུ་ཁ་པར་ཞིག་ལོགས་སུ་ཉར་གྱི་ཡོད། གློག་རྡུལ་བྱང་བུའི་དུས་སྐབས་དེ་སླེབས་ཚེ། བྱང་བུ་རེ་བཅུག་པའི་ཁ་པར་གཉིས་འཛིན་དགོས་དོན་མེད། ཁ་པར་གཅིག་གི་ནང་དུ། ལས་ཀ་དང་སྒེར་གྱི་ཁ་པར་ཨང་གྲངས་ལོགས་སུ་སྒྲིག་ཐུབ། 

༤ ༽ ཆུ་དང་ས་རྡུལ་ལས་སྲུང་སྐྱོབ་བྱེད་ཐུབ། 

གློག་རྡུལ་བྱང་བུ་བཟོས་ཚར་ན། ནམ་རྒྱུན་གྱི་བྱང་བུ་འཇུག་སའི་ས་ཆ་དང་ཨི་ཁུང་དེ་ཚོ་མེད་པར་ཆགས་འགྲོ་བས། ཁ་པར་ལ་ས་རྡུལ་དང་ཆུའི་གནོད་སྐྱོན་མ་ཡོང་བའི་ཁེ་ཕན་ཡོད།

༥ ༽ རྐུ་མས་ཁ་པར་ཨང་གྲངས་བརྐུ་མི་ཐུབ།

ཁ་པར་ཨང་གྲངས་ནི་ཁྱེད་རང་ངོས་འཛིན་བྱེད་སྤྱད་ཅིག་ཡིན་ལ། ཡིག་ཟམ་དང་དྲ་ཐོག་གི་དངུལ་ཁང་སོགས་ཀྱི་ནང་དུ་འཛུལ་སྐབས། ངོ་བོ་ར་སྤྲོད་བྱེད་སྤྱད་ཀྱི་གསང་ཨང་ཞིག་སོ་སོའི་ཁ་པར་སྟེང་དུ་འབྱོར་སྲོལ་ཡོད་ལ། དེ་ཐོ་ཁོངས་གང་རུང་གི་ནང་དུ་བཅུག་ན། ད་གཟོད་ནང་འཛུལ་བྱེད་ཐུབ་ཀྱི་ཡོད། གལ་ཏེ། རྐུན་མ་ཞིག་གིས་ཁྱེད་ཀྱི་ཁ་པར་བརྐུས་ཚེ། ཁོས་ཁྱེད་ཀྱི་ཁ་པར་དེའི་ནང་གི་བྱང་བུ་ཕྱིར་བཏོན་ནས་ཁ་པར་གཞན་ཞིག་གི་ནང་དུ་བླུགས་ཏེ། བྱང་བུ་དེ་ཁོ་རང་གི་ཡིན་པ་ནང་བཞིན་བཀོལ་སྤྱོད་ལོག་པ་བྱེད་པའི་ཉེན་ཁ་ཆེན་པོ་ཡོད་ལ། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཁྱེད་ལ་གནོད་པ་ཚབས་ཆེན་བསྐྱལ་ཐུབ། འོན་ཀྱང་། གློག་རྡུལ་བྱང་བུ་ཁ་པར་ནས་ཕྱིར་འདོན་རྒྱུ་མེད་པས། ཁྱེད་ཀྱིས་ཁ་པར་ལ་གསང་གྲངས་ཀྱིས་སྒོ་ལྕགས་བརྒྱབ་ཡོད་ཚེ། མི་སུས་ཀྱང་ཁྱེད་ཀྱི་བྱང་བུ་ཁ་པར་གཞན་ཞིག་གི་ནང་དུ་སྤོར་མི་ཐུབ།

གློག་རྡུལ་བྱང་བུའི་སྐྱོན་ཆ།

༡ ༽ ཁ་པར་ཆག་ན་བྱང་བུ་ཡང་མཉམ་དུ་ཆག་པ་འདྲ།

ད་ལྟའི་ཁ་པར་ཞིག་ཆག་ན། ཁྱེད་ཀྱིས་དེའི་ནང་གི་བྱང་བུ་དེ་ཕྱིར་བཏོན་ནས་ཁ་པར་གཞན་ཞིག་གི་ནང་དུ་བཞག་སྟེ་དེ་མ་ཐག་བཀོལ་སྤྱོད་བྱེད་ཐུབ། གློག་རྡུལ་བྱང་བུ་ཅན་གྱི་ཁ་པར་ཆག་ཚེ། ཁྱེད་ཀྱིས་དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་ལ་འབྲེལ་བ་བྱས་ཏེ། ཁ་པར་ཆག་པའི་གནས་ཚུལ་ཡར་ཞུ་བྱེད་དགོས་ལ། ཁ་པར་གསར་པའི་ནང་དུ་དེ་སྔོན་གྱི་ཁ་པར་ཨང་གྲངས་དེ་སྦྲེལ་རག་བར། ཁྱེད་ཀྱིས་དུས་ཡུན་གང་མཚམས་ཞིག་གི་རིང་ལ་སྒུག་དགོས། 

༢ ༽ ཡིབ་ས་གང་ཡང་མེད། 

ནམ་རྒྱུན་རང་ཉིད་གང་དུ་འགྲོ་གི་ཡོད་མེད་མི་གཞན་ལ་ཤེས་སུ་འཇུག་འདོད་མེད་ཚེ། ང་ཚོས་ཁ་པར་ནང་གི་བྱང་བུ་ཕྱི་ལ་བཏོན་ཏེ་ཁ་པར་གྱི་གློག་སྒོ་རྒྱག་སྲོལ་ཡོད། དེ་ལྟར་བྱས་ཚེ། བརྡ་རྟགས་ཀྱི་ལྕགས་སྡོང་གི་ཟུར་གསུམ་པའི་བཀོད་པ་བརྒྱུད་ནས་ང་ཚོའི་སྡོད་གནས་རྗེས་འདེད་དང་ངོས་འཛིན་བྱེད་མི་ནུས། འོན་ཀྱང་། གློག་རྡུལ་བྱང་བུ་སླེབས་ཚེ། སྡོད་གནས་སྦ་གསང་བྱེད་ཐབས་མེད་པ་ཆགས་འགྲོའོ།།

Leave a Reply

Your email address will not be published. Required fields are marked *