ཀུ་ཤུ་ཁ་པར་ནང་གི་མིས་བཟོས་རིག་ནུས། 

འཛམ་གླིང་གི་གསར་ཁང་ཁག་གི་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་འཕྲུལ་རིག་བཟོ་ལས་ཁང་གྲགས་ཅན་ཀུ་ཤུ་བཟོ་ཚོང་ཁང་གིས་མི་འགྱངས་བར་ཐོན་ལ་ཉེ་བའི་ཀུ་ཤུ་ཁ་པར་ཐོན་༡༦་དང་། ཀུ་ཤུ་རྩིས་འཕྲུལ། ཀུ་ཤུ་ཉེར་སྤྱོད་མ་ལག་ཐོན་༡༨་བཅས་ཀྱི་ནང་གི་མིས་བཟོས་རིག་ནུས་ཀྱི་ཞབས་ཞུ་ཁག་རྒྱལ་ནང་གི་འཚོལ་བཤེར་མ་ལག་གྲགས་ཅན་བརྒྱ་འདུས(百度)་ལ་མཁོ་སྤྲོད་བྱེད་དུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་འདུག

ད་ལོ་ནས་བཟུང་། ཕྱི་རྒྱལ་གྱི་ཀུ་ཤུ་ཁ་པར་ཁག་གི་ནང་དུ་ཀུ་ཤུ་བཟོ་ཚོང་ཁང་རང་ཉིད་ཀྱིས་བསྐྲུན་པའི་མིས་བཟོས་རིག་ནུས་ཀྱི་མ་དཔེ་བཀོལ་སྤྱོད་བྱེད་རྒྱུ་རེད་འདུག་ལ། རྒྱལ་ནང་གི་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་སྟེ། རྒྱལ་ནང་གི་ཀུ་ཤུ་ཁ་པར་བཀོལ་མཁན་ཚོའི་ཁ་པར་གྱི་ནང་དུ་བརྒྱ་འདུས་བཟོ་ཚོང་ཁང་གིས་བཟོས་པའི་མིས་བཟོས་རིག་ནུས་ཀྱི་མ་དཔེ་སྤྱད་དེ་འཛད་སྤྱོད་པའི་དགོས་འདོད་བསྐང་རྒྱུ་རེད་འདུག

དོན་དག་འདི་ཉེ་ལམ་ཀུ་ཤུ་བཟོ་ཚོང་ཁང་གི་འགན་འཛིན་སྐུ་ཞབས་ཁོ་ཁིག་ལགས་རྒྱལ་ནང་ལ་གཟིགས་སྐོར་ལ་ཕེབས་པའི་སྐབས་སུ་རྒྱལ་ནང་གི་བཟོ་ལས་ཁང་ཁག་ཅིག་དང་གྲོས་མོལ་བྱས་མཐར་ཐག་གཅོད་གནང་བ་ཞིག་ཡིན་འདུག 

ཐག་གཅོད་འདི་ལྟར་གནང་དགོས་པའི་རྒྱུ་མཚན་གཅིག་ནི་སྲིད་གཞུང་གི་ཁྲིམས་དང་འབྲེལ་བ་ཆགས་ཡོད། གང་ཡིན་ཞེ་ན། ན་ནིང་གི་ཟླ་༨་པའི་ནང་དུ། སྲིད་གཞུང་གིས་རྒྱལ་ནང་གི་མིས་བཟོས་རིག་ནུས་ཀྱི་ཞབས་ཞུ་ཁག་དོ་དམ་བྱེད་སྟངས་ཀྱི་སྒྲིག་སྲོལ་ཁ་གསལ་གཏན་འབེབས་གནང་ཡོད་པ་དེས། ཀྲུང་གོ་ནི་འཛམ་གླིང་གི་ནང་དུ་གསར་དུ་ཐོན་བཞིན་པའི་འཕྲུལ་རིག་ལག་རྩལ་གྱི་ཐོག་ཏུ་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་མཁན་གྱི་ཆེས་ཐོག་མའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་སུ་བཅུག་ཡོད།  རྒྱུ་མཚན་གཞན་ཞིག་ནི། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དམག་འཁྲུག་ཛ་དྲག་ཏུ་གྱུར་བ་ལ་བརྟེན་ནས། རྒྱལ་ནང་གི་ཀུ་ཤུ་ཐོན་རྫས་ཀྱི་ཉོ་ཚོང་གི་བརྒྱ་ཆ་༢༤་མར་ཆགས་ཡོད་པས་ཡིན།

འདི་ནི་ཨ་རིའི་བཟོ་ཚོང་ཁང་ཆེ་ཤོས་ཤིག་གིས་རྒྱལ་ནང་གི་ཁྲོམ་རའི་ཁ་སྤོགས་ལ་རྔམས་ཏེ་ཀྲུང་གོའི་ཁྲིམས་ལུགས་དང་ཚོང་ལས་སྡེ་ཁག་ལ་ཕྱག་འཚལ་བའི་ལེའུ་གསུམ་པ་དེ་ཆགས་ཡོད། 

༡  ༽  གང་ཡིན་ཞེ་ན། སྤྱི་ལོ་༢༠༡༧ ལོར། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱལ་ནང་གི་ཀུ་ཤུ་བིམ་མཛོད་ཀྱི་ནང་ནས་བདེ་འཇགས་ཀྱི་འབྲེལ་མཐུད་བསྐྲུན་བྱེད་ཀྱི་མཉེན་ཆས་དང་རྟོག་བཟོས་མི་སྒེར་དྲ་བ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ། དེ་དག་ཕབ་ལེན་བྱེད་རྒྱུ་མེད་པ་བཟོས་ཡོད།

༢  ༽  སྤྱི་ལོ་༢༠༡༨ ལོར། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱལ་ནང་གི་ཀུ་ཤུ་ཁ་པར་བཀོལ་མཁན་ཚོའི་སྤྲིན་མཛོད་ཀྱི་ཞབས་ཞུ་དོ་དམ་བྱེད་པའི་དབང་ཚད་ཡོངས་རྫོགས། རྒྱལ་ནང་གི་སྤྲིན་སྟེང་ཀོས་ཀྲིག་(云上贵州)ཟེར་བའི་བཟོ་ལས་ཁང་ལ་སྤྲད་ཡོད།

ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་བརྟེན་ནས། སྲིད་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་གི་ཐོག་ཏུ་གནོན་ཤུགས་སྤྲད་དེ། གལ་ཏེ། ཁོང་ཚོས་རྒྱལ་ནང་གི་ཁྲོམ་རའི་ཁེ་སྤོགས་ལེན་འདོད་ཚེ། རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་དགོས་པའི་བཀའ་གཏོང་གི་ཡོད་པ་བཞིན། རྒྱལ་ནང་གི་མི་འབོར་དང་འཛད་སྤྱོད་པའི་གྲངས་ཀ་ལ་དམིགས་ཏེ་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་ཏུ་འགོ་འདོགས་བྱེད་འགོ་བཙུགས་ཡོད། ཀུ་ཤུ་བཟོ་ཚོང་ཁང་ནི་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་དེ་དག་གི་ཁྲོད་ཀྱི་དཔེ་མཚོན་ཞིག་ཡིན།

ཀུ་ཤུ་བཟོ་ཚོང་ཁང་གིས་ཐག་གཅོད་དེ་གནང་མ་ཐག་བརྒྱ་འདུས་ཀྱི་མ་རྐང་ཁྲོམ་ར་བརྒྱ་ཆ་༦་ཡར་འཕར་ཡོད་པ་དང་། པོད་ཕྲན་གྱི་སྟེང་དུ་དེའི་སྐོར་ལ་རང་རང་གི་བསམ་ཚུལ་སྤེལ་མཁན་ཁྲི་སྟོང་མང་པོ་བྱུང་ཡོད། ཁ་ཤས་ཀྱིས་ཀུ་ཤུ་ཁ་པར་ཐོན་གསར་ཉོ་འདོད་ཀྱི་འདུན་པ་བརླགས་སོང་ཟེར་བ་ལྟ་བུ་དང་། ཁ་ཤས་ཀྱིས་ཀུ་ཤུ་ཁ་པར་ཕྱི་རྒྱལ་ནས་ཉོ་དགོས་རེད་ཟེར་བ་ལྟ་བུ། ཁ་ཤས་ཀྱིས་ཀུ་ཤུ་བཟོ་ལས་ཁང་གི་ཐག་གཅོད་དེས་བརྒྱ་འདུས་ཀྱི་མིས་བཟོས་རིག་ནུས་ཀྱི་ནུས་པ་ཚད་ག་ཚོད་ཅིག་ལ་སླེབས་ཡོད་མེད་སྟོན་གྱི་ཡོད་པ་རེད་ཟེར་བ་ལྟ་བུ། ཡང་མི་མང་པོ་ཞིག་གིས་རང་རྒྱལ་གྱི་ཐོན་རྫས་AI ལ་རྒྱབ་སྐྱོར་བྱེད་དགོས་ཞེས་རྒྱལ་ཞེན་གྱི་ལྟ་ཚུལ་ཤུགས་ཆེར་འདོན་གྱིན་ཡོད་པ་སོགས་མཐོང་རྒྱུ་འདུག

1 comment
Leave a Reply

Your email address will not be published. Required fields are marked *