འདས་པའི་དུས་ཡུན་རིང་པོ་ཞིག་གི་རིང་ལ། མི་ཚོས་ཀུ་ཤུ་རྩིས་འཕྲུལ་གྱི་ནང་དུ་མཉེན་འབུའི་གནོད་སྐྱོན་ནམ་ནད་དུག་གང་ཡང་ཕོག་མི་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་། དོན་དངོས་ནི་ང་ཚོས་བསམ་པ་ལས་རྒྱབ་འགལ་ཆགས་ཀྱི་ཡོད། གྲངས་འབོར་གྱི་ཐད་ཀྱི་བཤད་ན། ཀུ་ཤུ་རྩིས་འཕྲུལ་ལས་སྐར་ཁུང་རྩིས་འཕྲུལ་གྱི་ནང་དུ་ནད་དུག་བགོ་བའི་ཆེད་དུ་བཟོས་པའི་མཉེན་འབུའི་གྲངས་ཀ་མང་བ་ཡོད་ཀྱང་། ཀུ་ཤུ་རྩིས་འཕྲུལ་ནང་དུ་ནད་དུག་གི་ཉེན་ཁ་མེད་པ་གཏན་ནས་མིན།
ལྷག་པར་དུ། ཉེ་བའི་ལོ་ཤས་ཀྱི་ནང་དུ། ཀུ་ཤུ་རྩིས་འཕྲུལ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་མགྱོགས་པོར་ཡར་འཕར་ཡོད་སྟབས། དྲ་ཐོག་གི་འཇབ་རྒོལ་པ་ཚོས་ཀུ་ཤུ་རྩིས་འཕྲུལ་ལ་འཇབ་རྒོལ་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་པར་བརྟེན། ཀུ་ཤུ་རྩིས་འཕྲུལ་ནང་གི་ནད་དུག་གི་གྲངས་འབོར་ཡང་ཡར་འཕར་ཡོད། དྲ་ལམ་བདེ་འཇགས་ཀྱི་ཐབས་ལམ་ཡག་ཤོས་ཁག་ལག་བསྟར་དང་། ནད་དུག་འགོག་བྱེད་ཀྱི་མཉེན་ཆས་བཀོལ་སྤྱོད་བྱས་ན་མཉེན་འབུ་འགོག་པར་རོགས་པ་བྱེད་ཐུབ་རུང་། འཇབ་རྒོལ་པས་ཆེས་རྒྱུན་ལྡན་མིན་པའི་ནད་དུག་ཡ་མཚན་དེ་འདྲ་བཏང་སྟེ། ཁྱེད་ཀྱི་རྩིས་འཕྲུལ་སྟངས་འཛིན་བྱེད་སྲིད་ཀྱི་ཡོད། གནས་སྟངས་དེ་འདྲར་འཕྲད་སྐབས། ཁྱེད་ཀྱིས་རང་ཉིད་ལ་གཞན་གྱིས་འཇབ་རྒོལ་ཐེབས་ཡོད་པ་ཤེས་པའི་ཐོག་ནས་ནད་དུག་དེ་རྩ་མེད་བཟོ་བའི་ལས་ཀའི་ཐོག་ལ་འབད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས། ཁྱེད་ཀྱིས་དུས་རྒྱུན་དུ་རང་ཉིད་ཀྱི་རྩིས་འཕྲུལ་ལ་ནད་དུག་ཕོག་ཡོད་མེད་བརྟག་དཔྱད་བྱེད་དགོས།
གཤམ་དུ་དེའི་སྐོར་གྱི་དོན་ཚན་ཁག་ཅིག་གླེང་བར་བྱ།
ནད་དུག་ཕོག་ཡོད་པའི་རྟགས་མཚན།
གནོད་ཚབས་ཆེ་བའི་ནད་དུག་ཁག་ཅིག་ངོས་འཛིན་བྱེད་མ་ཐུབ་པར་ལུས་ངེས་ལ། ཁག་ཅིག་ལས་སླ་པོའི་ཐོག་ནས་ངོས་འཛིན་བྱེད་ཐུབ།
དང་པོ། རྩིས་འཕྲུལ་གྱི་བྱེད་ནུས་ནམ་རྒྱུན་ལས་ཧ་ཅང་དལ་བ།
གཅིག་བྱས་ན། འདི་ནི་དྲ་ཇག་ཅིག་གིས་ཁྱེད་ཀྱི་རྩིས་འཕྲུལ་གྱི་ནུས་པ་བེད་སྤྱད་དེ་གསང་སྡོམ་དངུལ་སྒོར་(加密货币)བསྔོག་འདོན་བྱེད་ཀྱི་ཡོད་སྲིད་ལ། ཁྱེད་ཀྱི་རྩིས་འཕྲུལ་ཡོངས་སུ་སྟངས་འཛིན་བྱས་ཡོད་ངེས།
གཉིས་པ། མཉེན་ཆས་ནང་འཇུག་བྱེད་དགོས་པའི་ཉེན་བརྡ་གཏོང་བ།
མཉེན་ཆས་གང་རུང་ཞིག་ནང་འཇུག་མ་བྱས་ཚེ། རྩིས་འཕྲུལ་ལ་ཉེན་ཁ་ཆེན་པོ་འཕྲད་སྲིད་པའི་ཉེན་བརྡ་དེ་འདྲ་རྩིས་འཕྲུལ་གྱི་འཆར་ངོས་སུ་མངོན་ཡོང་གི་ཡོད། དོན་དངོས་ཐོག ཉེན་བརྡ་གཏོང་མཁན་དེའི་རྒྱབ་ཏུ་དྲ་ཇག་བསྐུངས་ཡོད་ལ། ཁྱེད་ཀྱིས་ཉེན་བརྡ་དེ་ངོ་མ་རེད་སྙམ་སྟེ། མཉེན་ཆས་གང་དེ་ཕབ་ལེན་བྱས་ཚེ། དེ་མ་ཐག་ཏུ་རྩིས་འཕྲུལ་ལ་ནད་དུག་ཕོག་འགྲོ
གསུམ་པ། དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་སོ་སོས་ཁ་སྣོན་མ་བྱས་པའི་ཁ་སྣོན་ཡོ་ཆས་དེ་འདྲ་ཡོད་པ།
གལ་ཏེ། སོ་སོས་ཁ་སྣོན་མ་བྱས་པའི་ཁ་སྣོན་ཡོ་ཆས་(附加组件)དེ་འདྲ་དྲ་རྒྱ་བཤེར་ཆས་ནང་དུ་སྣོན་འཇུག་བྱས་ཡོད་ཚེ། ཁྱེད་ཀྱི་དྲ་རྒྱ་བཤེར་ཆས་ལ་མི་གཞན་གྱིས་འཇབ་རྒོལ་བྱས་ཡོད་པ་མཚོན། གནས་སྟངས་དེ་འདྲའི་ཁྲོད་དུ། ཁྱེད་རང་གནོད་ཚབས་ཆེ་བའི་ཕྱོགས་གསུམ་པའི་དྲ་ངོས་སུ་འཁྲིད་ངེས་ཡིན། དེ་བས། དོགས་གཞི་ཅན་གྱི་ཁ་སྣོན་ཡོ་ཆས་དེ་འདྲ་མཐོང་ཚེ། དེ་མ་ཐག་མེད་པར་བཟོ་དགོས།
བཞི་པ། འཆར་ངོས་སུ་ཁྱབ་བསྒྲགས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་མངོན་ཡོང་བ།
འདིའི་རིགས་ལ་ཁྱབ་བསྒྲགས་དྲ་འབུ་ཟེར། དྲ་འབུ་འདིའི་རིགས་ལ་དེ་ཙམ་ཉེན་ཁ་མེད། ཚོང་ལས་སྡེ་ཁག་དང་མི་སྒེར་ཚོས་ཁྱེད་ལ་ཁོང་ཚོས་བཏང་བའི་ཁྱབ་བསྒྲགས་ཀྱི་ཐོག་ཏུ་གནོན་དུ་བཅུག་སྟེ་དངུལ་གྱི་ཁེ་སྤོགས་བཟོ་གི་ཡོད།
ལྔ་པ། རང་ཉིད་ཀྱི་རྩིས་འཕྲུལ་ནང་གི་ཡིག་ཆ་ཁག་ཁ་འབྱེད་མི་ཐུབ་པ།
གནས་སྟངས་འདིའི་ཁྲོད་དུ། ཡིག་ཆ་གང་དེ་ཁ་འབྱེད་པར་དངུལ་གྱི་གུན་ཚབས་སྤྲད་དགོས་པའི་དགོས་འདུན་འདོན་ངེས། འདི་ནི་རྩིས་འཕྲུལ་ནང་དུ་བཙན་ལེན་དྲ་འབུ་འཛུལ་ཡོད་པའི་རྟགས་ཡིན།
དྲུག་པ། གྲོགས་པོར་ཁྱེད་ཀྱི་མིང་ཐོག་ནས་ཡིག་འཁྱམ་མང་པོ་འབྱོར་བ།
གལ་ཏེ་ཁྱེད་ཀྱི་གྲོགས་པོར་ཁྱེད་རང་གི་མིང་ཐོག་ནས་ཡིག་ཟམ་དང་སྤྱི་ཚོགས་འབྲེལ་མཐུད་དྲ་བ་གང་རུང་གི་སྟེང་དུ་ཡིག་འཁྱམ་མང་པོ་འབྱོར་གྱི་ཡོད་ཚེ། ཁྱེད་ཀྱི་རྩིས་འཕྲུལ་ལ་ནད་དུག་ཕོག་ཡོད་པའི་རྟགས་ཡིན།
ནད་དུག་ཞིབ་བཤེར་དང་བཀག་འགོག་བྱེད་སྟངས།
1. XProtect སྲུང་སྐྱོབ་མ་ལག
XProtect སྲུང་སྐྱོབ་མ་ལག་ནི། ཀུ་ཤུ་བཟོ་ལས་ཁང་གིས་ཀུ་ཤུ་རྩིས་འཕྲུལ་གྱི་ནང་དུ་དང་ཐོག་ནས་བཅུག་ཡོད་པའི་མཉེན་འབུ་འགོག་སྲུང་གི་མ་ལག་ཅིག་ཡིན་པས། ཁྱེད་ཀྱི་ངོས་ནས་བསྒྲུབ་དགོས་པ་གང་ཡང་མེད། གལ་ཏེ། སྤྱིར་བཏང་གི་ནད་འབུ་ཞིག་རྩིས་འཕྲུལ་གྱི་ནང་དུ་འཛུལ་རྩིས་བྱེད་དུས། མ་ལག་འདིས་ངོས་འཛིན་བྱས་ཏེ་འགོག་སྲུང་བྱེད་ཀྱི་ཡོད། འོན་ཀྱང་། ཀུ་ཤུ་བཟོ་ལས་ཁང་ནི་བདེ་འཇགས་གཅིག་པུར་གཙིགས་སུ་འཛིན་མཁན་གྱི་བཟོ་ལས་ཁང་ཞིག་མིན་པས། མ་ལག་འདིས་ནད་དུག་ཡོངས་རྫོགས་བཀག་འགོད་བྱེད་ཐུབ་ཀྱི་ཡོད་པ་མཐའ་གཅིག་ཏུ་ཁ་ཚོན་བཅད་དེ་བཤད་མི་ཐུབ།
2. བྱེད་སྒོ་ལྟ་ཞིབ་ཆས(活动监视器)་བརྒྱུད་ནས་ནད་དུག་ཡོད་མེད་བརྟག་དཔྱད།
གལ་ཏེ། ཁྱེད་ཀྱི་རྩིས་འཕྲུལ་ལ་ནད་དུག་བགོས་ཡོད་པའི་དོགས་པ་ཡོད་ཚེ། འཆར་ངོས་གཡས་ཀྱི་སྟེང་ཕྱོགས་སུ་ཡོད་པའི་ཆེ་ཤེལ་གྱི་རྟགས་དེའི་ནང་དུ་Activity Monitor གཏགས་ཏེ། བརྟག་དཔྱད་བྱེད་ཆོག འདིའི་ནང་དུ། རྩིས་འཕྲུལ་གྱི་མ་ལག་གི་རྒྱབ་ཏུ་ལས་ཀ་བྱེད་མཁན་གྱི་བྱ་རིམ་ཁག་མཐོང་ཐུབ།
བྱ་རིམ་གྱི་ཐོ་གཞུང་ཁག་གི་ནང་ནས་ (%CPU)་འམ། གསོག་བྱང་བརྒྱ་ཆ་མང་ཤོས་བཀོལ་མཁན་དག་ལ་ལྟ་དགོས།
དེའི་ནང་ནས་དོགས་པ་ཡོད་སའི་བྱ་རིམ་གྱི་མིང་དེ། དྲ་ལམ་ནས་བཙལ་ཚེ། དེའི་སྐོར་གྱི་གནས་ཚུལ་རྙེད་ཐུབ་པས། བྱ་རིམ་དེ་མཉེན་འབུ་ཡིན་མིན་ཐག་གཅོད་བྱེད་ཐུབ།
བྱ་རིམ་གང་དེ་ལས་མཚམས་འཇོག་ཏུ་འཇུག་ཡོད་ཚེ། དེའི་མིང་གི་ཐོག་ཏུ་མནན་རྗེས། དེའི་གོང་གི་X་ཐོག་ཏུ་མནན་ཚེ། བྱ་རིམ་སྒོ་རྒྱག་ངེས།
དེ་མ་ཡིན་པའི་དོགས་གཞི་ཅན་གྱི་བྱ་རིམ་གཞན་ཡོད་ཚེ།་གོང་དང་གཅིག་མཚུངས་ལྟར་བྱས་རྗེས། རྩིས་འཕྲུལ་གྱི་སྙིགས་སྣོད་ཀྱི་ནང་ནས་ཡིག་ཆ་དེ་དག་གཙང་གསུབ་བྱེད་དགོས།
3. དགོས་མེད་ཀྱི་བཀོལ་ཆས་ཁག་མེད་པར་བཟོ་དགོས།
མཚམས་རེར། མཉེན་འབུ་ཁག་ཁྱེད་ཀྱི་རྩིས་འཕྲུལ་ནང་དུ་ནང་འཇུག་བྱས་ཡོད་པའི་མཉེན་ཆས་གང་རུང་གི་ཁོངས་སུ་སྦས་སྲིད་ཀྱི་ཡོད་སྟབས། རང་ཉིད་ཀྱིས་ནང་འཇུག་བྱས་པ་མི་དྲན་པའི་བཀོལ་ཆས་སམ། དུས་ཡུན་རིང་པོར་བཀོལ་སྤྱོད་མ་བྱས་པའི་བཀོལ་ཆས་དེ་འདྲ་ཡོད་ཚེ། དེ་དག་མེད་པར་བཟོ་དགོས།
རྩིས་འཕྲུལ་གྱི་འཆར་ངོས་ནས། འཚོལ་ཆས(查找器)ཁ་ཕྱེ་རྗེས། འཆར་ངོས་ཀྱི་གཡོན་ཕྱོགས་ནས་བཀོལ་ཆས་(应用程序)ཡིག་སྒམ་གྱི་ཐོག་དུ་ནོན།
རྩིས་འཕྲུལ་ནང་གི་བཀོལ་ཆས་ཁག་གི་ཐོ་གཞུང་ལ་ཞིབ་ལྟ་བྱས་ཏེ། དེའི་ནང་དུ་ངོ་མི་ཤེས་པའི་བཀོལ་ཆས་སམ། རང་ཉིད་ཀྱིས་ནང་འཇུག་མ་བྱས་པའི་བཀོལ་ཆས་རེ་ཡོད་ཚེ། དྲ་སྟེང་ནས་བཀོལ་ཆས་དེ་ཚད་ལྡན་དང་ཁུངས་ལྡན་ཡིན་མིན་འཚོལ་དགོས།
ཚད་ལྡན་མིན་པའམ། དོགས་གཞི་ཅན་གྱི་མཉེན་ཆས་ཤིག་ཡིན་ཚེ། མཉེན་ཆས་དེ་མེད་པར་བཟོས་རྗེས། རྩིས་འཕྲུལ་གྱི་སྙིགས་སྣོད་ཀྱི་ནང་ནས་ཡིག་ཆ་དེ་བསྐྱར་དུ་གཙང་གསུབ་བྱེད་དགོས།
4. དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་ཞིབ་ལྟ།
དྲ་རྒྱ་བཤེར་ཆས་(浏览器)ནི་དྲ་རྒྱའི་འཇིག་རྟེན་ལ་ལྟད་མོར་བལྟ་སའི་སྒེའུ་ཁུང་ལྟ་བུ་ཡིན་པས། དྲ་ཐོག་གི་འཇབ་རྒོལ་པ་མང་པོ་ཞིག་གིས་དེ་བརྒྱུད་ནས་འཇབ་རྒོལ་རྩོམ་ཐབས་བྱེད་ཀྱི་ཡོད། དེ་བས། གོང་དུ་གླེང་ཟིན་པ་བཞིན། དྲ་རྒྱ་བཤེར་ཆས་ཀྱི་ནང་དུ་རང་ཉིད་ཀྱིས་ཁ་སྣོན་མ་བྱས་པའི་ཁ་སྣོན་ཡོ་ཆས་དེ་འདྲ་ཁ་སྣོན་བྱས་ཡོད་པ་དོ་སྣང་བྱུང་ཚེ། དེ་མེད་པར་བཟོ་དགོས།
5. ཕབ་ལེན་གྱི་ཡིག་སྒམ་གཙང་བཟོ།
ཡང་མཚམས་རེེར། མཉེན་འབུ་ཁག་ཁྱེད་ཀྱི་རྩིས་འཕྲུལ་ནང་དུ་ཕབ་ལེན་བྱས་པའི་ཡིག་ཆ་གང་རུང་གི་ཁོངས་སུ་སྦས་སྲིད་ཀྱི་ཡོད་སྟབས། ཕབ་ལེན་བྱས་ཡོད་པའི་ཡིག་ཆ་ཁག་གི་ནང་ནས། རང་ཉིད་ལ་གང་དགོས་པ་དག་ཟུར་དུ་ཡིག་སྒམ་ཞིག་གི་ནང་དུ་ཉར་ཚགས་བྱས་རྗེས། དེའི་བྱིངས་ཀྱི་ཡིག་ཆ་ཁག་གཙང་གསུབ་བྱེད་དགོས། དེ་ནས་སྙིགས་སྣོད་ཀྱི་ནང་ནས་ཡིག་ཆ་དེ་དག་བསྐྱར་དུ་གཙང་གསུབ་བྱེད་དགོས།
གསལ་འདེབས།
ཁྱེད་ཀྱིས་གོ་རིམ་འདི་དག་ལག་བསྟར་བྱས་རུང་། ད་དུང་མཉེན་འབུའི་གནོད་འཚེ་ཐེབས་སྲིད་པའི་ཉེན་ཁ་ཡོད་ངེས་པ་མ་ཟད། གོ་རིམ་འདི་དག་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ། རྩིས་འཕྲུལ་ནང་གི་དགོས་ངེས་ཀྱི་ཡིག་ཆ་གལ་ཆེན་དེ་འདྲའང་སྟབས་མ་ལེགས་པར་གསུབ་ཉེན་ཡོད་སྟབས། མ་གསུབ་སྔོན་ལ་ཞིབ་མོར་དབྱེ་ཞིབ་བྱེད་དགོས། གལ་ཏེ། ཆེད་ལས་མི་སྣ་ངོ་ཤེས་དེ་འདྲ་ཡོད་ཚེ། ཁོང་ཚོར་འབྲེལ་གཏུག་བྱས་ན་ལེགས། གཤམ་གྱི་བཤེར་རིས་འདི་བརྒྱུད་ནས། ག་དུས་ཡིན་ཡང་ལམ་ཡིག་ལ་འབྲེལ་བ་བྱེད་ཆོག