ཟླ་འདིའི་ཚེས་༡༢་ཉིན། ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན་༡༥་པ་དེ་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་ནང་དུ་དངོས་སུ་ཁྱབ་སྤེལ་བྱས་ཡོད།
ཀུ་ཤུ་ཁ་པར་ཐོན་༡༥་པར་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་ནི། ཁ་པར་གྱི་གློག་གསོག་ཆས་གསར་པ་ཞིག་བཟོས་ཡོད་པ་དེ་ཡིན།
ལོ་ཤས་གོང་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་འཕྲུལ་ཆས་ཀྱི་སྙིགས་རོ་ཉུང་དུ་གཏོང་ཐབས་དང་། འཛད་སྤྱོད་པའི་འགྲོ་གྲོན་ཆུང་དུ་གཏོང་ཐབས་ལ་དམིགས་ཏེ། ཀུ་ཤུ་ཐེ་བའི་འཕྲུལ་རིག་བཟོ་ལས་ཁང་ཁག་ལ་གནོན་ཤུགས་སྤྲད་དེ། བཟོ་ལས་ཁང་དེ་དག་གིས་བཟོས་པའི་གློག་ཆས་དག་གི་གློག་གསོག་ཆས་དེ་འཛམ་གླིང་གཅིག་གྱུར་གྱི་གློག་གསོག་ཆས་ལ་བསྒྱུར་དགོས་པའི་དགོས་འདུན་བཏོན་ཡོད་ལ། ཀུ་ཤུ་བཟོ་ལས་ཁང་གིས་རང་ཉིད་ཀྱིས་འཆར་འགོད་བྱས་པའི་གློག་གསོག་ཆས་དེར་བདེ་འཇགས་ཡོད་པར་བརྗོད་ཡོད་ཀྱང་། མཐར་མར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རེ་འདུན་ལྟར་ཀུ་ཤུ་ཁ་པར་གྱི་གློག་གསོག་ཆས་ལ་འགྱུར་བ་གཏོང་དགོས་བྱུང་ཡོད། དེ་བས་གློག་གསོག་ཆས་གསར་པ་དེས་ཀུ་ཤུ་ཁ་པར་དང་རྩིས་འཕྲུལ། རྩིས་འཕྲུལ་ལེབ་མོ། ཀུ་ཤུ་རྣ་ཉན་ཡོངས་རྫོགས་ལ་གཅིག་གྱུར་གྱིས་ཐོག་ནས་གློག་མགྱོགས་པོ་གསོག་ཐུབ་ཀྱི་ཡོད།
ཀུ་ཤུ་ཁ་པར་ཐོན་གསར་པ་དེ་ཟླ་༩་པའི་ཚེས་༢༢་ཉིན། དངོས་སུ་འགྲེམས་ཚོང་བྱེད་རྒྱུ་རེད་འདུག འཛམ་གླིང་སྤྱི་ཡོངས་ཀྱི་ཁ་པར་ཉོ་ཚོང་གི་ཁྲོམ་ར་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ནང་གི་གཞུང་གི་ལས་ཁུངས་ཁག་གི་ནང་དུ་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོ་གི་ཡོད་པ་ལ་སོགས་པའི་རྒྱུ་རྐྱེན་དུ་མའི་དབང་གིས། ཀུ་ཤུ་བཟོ་ལས་ཁང་གིས་ཁ་པར་གསར་པའི་རིན་གོང་ཡར་སྤར་མེད།
འགྱུར་བ་འདི་དག་གིས། སྲིད་གཞུང་ཁག་གིས་ཀུ་ཤུ་བཟོ་ཚོང་ཁང་གི་ཚོང་ལས་ལ་གནོད་པ་དང་འགོག་རྐྱེན་ག་ཚོད་བཟོ་གི་ཡོད་མེད་མཚོན་གྱི་ཡོད་ལ། སྲིད་གཞུང་ཁག་གིས་འཕྲུལ་རིག་བཟོ་ལས་ཁང་གིས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པར་སེམས་འཚབ་བྱས་ཏེ། ཀུ་ཤུ་བཟོ་ཚོང་ཁང་གི་ཐོག་ཏུ་གནོན་ཤུགས་སྤྲོད་པའི་ཁྲིམས་སྒྲིག་གཏན་འབེབས་དང་ཉེན་བརྡ་སྣ་ཚོགས་བཏང་དང་གཏོང་མུས་ཡིན། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒེར་སྡེམ་ལ་རྒོལ་བའི་བཅའ་ཁྲིམས་(欧盟反垄断法)གསར་པ་དེའི་དབང་གིས། ཀུ་ཤུ་བཟོ་ལས་ཁང་གིས་ཀུ་ཤུ་བིམ་མཛོད་ཀྱི་ཕྱི་ནས་ཀུ་ཤུ་ཁ་པར་གྱི་བཀོལ་ཆས(APP)་ཉོ་ཚོང་བྱེད་ཆོག་པ་བཟོ་དགོས་ཀྱི་ཡོད་ལ། རྒྱལ་ནང་ལ་ཆ་མཚོན་ན། ལས་བྱེད་ཚོས་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མི་ཆོག་པ་བཟོ་གི་ཡོད། གང་ལྟར། སྲིད་གཞུང་ཁག་གིས་གནོན་ཤུགས་དབང་གིས། ཀུ་ཤུ་བཟོ་ཚོང་ཁང་གི་ཚོང་གི་ཁེ་སྤོགས་ལ་གྱོང་གུད་ཆེན་པོ་ཕོག་གི་ཡོད།
ཀུ་ཤུ་ཁ་པར་ཐོན 15 ནང་གི་འགྱུར་བ་གཞན་ཁག
- འཆར་ཤེལ་གྱི་མཐའ་མཚམས་ཇེ་ཆུང་དུ་བཏང་ཡོད།
- ཀུ་ཤུ་ཁ་པར་ཐོན་༡༥་པའི་པར་ཆས་ཀྱི་སྤུས་ཚད་ཡར་རྒྱས་བཏང་ཡོད།
- ཀུ་ཤུ་ཁ་པར་ཐོན་སྔ་མ་དང་བསྡུར་ན་ཡང་བ་ཡོད།
- ཁ་པར་གྱི་བྱེད་ལས་ཇེ་མགྱོགས་སུ་བཏང་ཡོད།
- མཐེབ་ཅུས་གསར་པ་ཞིག་ཡོད་པ་དེའི་ཐོག་ཏུ་མནན་ཏེ། ཐད་ཀར་སྒྲ་དང་པར་ལེན་ཐུབ་ཀྱི་ཡོད།
- ཁ་པར་ཐོན་གསར་པའི་ནང་ནས་3D བརྙན་ལེན་ཐུབ་ཀྱི་ཡོད།
- སྐུད་མེད་གློག་གསོག་གི་ནུས་པ་ཡོད།
བཟང་ཆ།
- ཤུབས་མ་གཡོགས་རུང་། ལག་པར་བཟུང་ན་སྟབས་བདེ་པོ་ཡིན།
- བྱེད་ལས་ཧ་ཅང་མགྱོགས།
- ཕན་ནུས་ལྡན་པའི་པར་ཆས་ཀྱི་ཁྱད་ཆོས་ཁག
- USB-C གློག་གསོག་ཆས།
ཞན་ཆ།
- ཁ་པར་གྱི་འཆར་ངོས་ལ་དམིགས་བསལ་གྱི་དེང་རབས་ཀྱི་ཁྱད་ཆོས་མེད་པ།
USB གློག་གསོག་ཆས་བརྒྱུད་ནས་ཡིག་ཆ་བརྒྱུད་གཏོང་བྱེད་སྐབས་དལ་པོ་ཡོད་པ།
ཚད་བརྒལ་པར་ཆས་ལ་འགྱུར་བ་བཏང་མེད་པ།
ཀུ་ཤུ་བཟོ་ཚོང་ཁང་གིས་ལོ་རེར་ཀུ་ཤུ་ཁ་པར་ས་ཡ་༢༠༠་ལྷག་བཙོང་གི་ཡོད་ལ། ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར༢༠༠༠་ལྷག་ཡིན།