ཀུ་ཤུ་བིམ་མཛོད་ཀྱི་གསང་གྲངས།

གལ་ཏེ། ཁྱེད་ཀྱིས་སོ་སོའི་ད་ལྟའི་བིམ་མཛོད་ཀྱི་གསང་གྲངས་དང་། ཁ་པར་གྱི་གསང་གྲངས་གཉིས་ལས་གང་རུང་ཞིག་དྲན་གྱི་ཡོད་ཚེ། བིམ་མཛོད་ཀྱི་གསང་གྲངས་བརྗེ་ཐུབ་ཀྱི་ཡོད། གལ་ཏེ། དེ་གཉིས་ཀ་མ་དྲན་ཚེ། བིམ་མཛོད་ཀྱི་གསང་གྲངས་བསྐྱར་སྒྲིག་བྱེད་དགོས།

བིམ་མཛོད་ཀྱི་གསང་གྲངས་ཉར་ཚགས་བརྟན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེ། གང་ཡིན་ཞེ་ན། བིམ་མཛོད་(App Store)ཀྱི་གསང་གྲངས་དེ་ཁྱེད་ཀྱི་སྤྲིན་མཛོད(iCloud)་ཀྱི་ལྡེ་མིག་ཡིན་པ་མ་ཟད། གསང་གྲངས་དེ་བརྗེད་ན། རྗེས་ཕྱོགས་བིམ་མཛོད་ཀྱི་ནང་ནས་མཉེན་ཆས་གང་ཡང་ཕབ་ལེན་བྱེད་མི་ཐུབ་པས། ཀུ་ཤུ་ཁ་པར་རང་བཞིན་གྱི་ཐོག་ནས་བེད་མེད་ཆགས་ཀྱི་ཡོད། ཁྱེད་ཀྱི་ཁ་པར་ནང་གི་པར་མཛོད་དེ་སྤྲིན་མཛོད་ལ་སྦྲེལ་ཡོད་ཚེ། ཁ་པར་གྱི་ཡིག་ཆ་ཡོད་ཚད་རང་བཞིན་གྱི་ཐོག་ནས་སྤྲིན་མཛོད་ནང་དུ་ཉར་ཚགས་བྱེད་ངེས་པས། རང་ཉིད་ཀྱི་ཡིག་ཆ་ཁག་བརྟན་པོ་ཉར་བ་ལ་བིམ་མཛོད་ཀྱི་་གསང་གྲངས་བརྟན་པོ་ཉར་དགོས། དེ་མ་ཟད། སོ་སོའི་བདེ་འཇགས་ཀྱི་ཆེད་དུ། མཚམས་རེར་གསང་གྲངས་ཡང་བརྗེ་དགོས་ཀྱི་ཡོད། 

བིམ་མཛོད་ཀྱི་གསང་གྲངས་བརྗེ་སྟངས། 

ཀུ་ཤུའི་མ་ལག་ཐོན་iOS 15.5་ཡན་གྱི་བིམ་མཛོད་གསང་གྲངས་བརྗེ་སྟངས།

1. སྒྲིག་འགོད་ཀྱི་ནང་དུ་ཕེབས།

2. རང་ཉིད་ཀྱི་ཐོ་མཛོད་ཀྱི་ཐོག་ཏུ་ནོན།

3. ཐོ་འགོད་དང་བདེ་འཇགས་ཀྱི་ཐོག་ཏུ་ནོན། (登录与安全性)

4. གསང་གྲངས་བརྗེ་སྒྱུར་གྱི་ཐོག་ཏུ་ནོན། (更改密码)

5. ཁ་པར་གྱི་གསང་གྲངས་གཏགས་ཏེ། སོ་སོའི་ངོ་བོ་བདེན་དཔང་བྱོས།

6. གསང་གྲངས་གསར་པ་ཞིག་བཟོས། དེ་ནས་བསྐྱར་དུ་གསང་གྲངས་གསར་པ་དེ་གཏགས། དེ་ནས་བསྒྱུར་བཅོས་ཀྱི་ཐོག་ཏུ་ནོན། 

(གཤམ་གྱི་པར་རིས་ནང་གི་ཡིག་སྒམ་གཉིས་ཀའི་ནང་དུ་གསང་གྲངས་གཅིག་མཚུངས་གཏགས་དགོས།)

གསལ་འདེབས། ཁྱེད་ཀྱི་གསང་གྲངས་ཀྱི་ཁོངས་སུ། ཉུང་མཐར་ཡང་ཡིག་འབྲུ་བརྒྱད་ཚང་དགོས་ལ། དེའི་ནང་དུ། ཡི་གེ་ཆེ་བ། ཆུང་བ། མཚོན་རྟགས། ཨང་གྲངས་སོགས་ཡོད་དགོས། 

བསྒྱུར་བཅོས(更改)་ཀྱི་ཐོག་ཏུ་མནན་ཚེ། ར་སྤྲོད་བྱེད་འགོ་བཙུགས་ངེས། ར་སྤྲོད་གྲུབ་ན། ཁྱེད་ཀྱིས་བིམ་མཛོད་ཀྱི་གསང་གྲངས་བརྗེ་ཚར་བ་རེད། 

དྲ་ལམ་ནས་བིམ་མཛོད་ཀྱི་གསང་གྲངས་བསྐྱར་སྒྲིག་བྱེད་སྟངས། 

iforgot.apple.com འདིར་ཕེབས་ཏེ། ངས་གསང་གྲངས་བསྐྱར་སྒྲིག་བྱེད་དགོས་ཟེར་བའི་ཐོག་ཏུ་མནན་རྗེས། མུ་མཐུད་ཀྱི་ཐོག་ལ་ནོན། 

2. ཡིག་ཟམ་ནང་དུ་འཕྲིན་ཞིག་ཐོངས་ཟེར་བའི་ཐོག་ཏུ་མནན་རྗེས། མུ་མཐུད་ཀྱི་ཐོག་ལ་ནོན།

3. བིམ་མཛོད་ཀྱི་གསང་གྲངས་བསྐྱར་སྒྲིག་གི་འབྲེལ་ཐག་ཅིག་ཁྱེད་ཀྱི་ཡིག་ཟམ་ནང་དུ་གཏོང་ངེས། 

4. ཀུ་ཤུ་(Apple)བཟོ་ལས་ཁང་གིས་ཁྱེད་ལ་བཏང་བའི་ཡིག་ཟམ་དེ་ཁ་ཕྱེ། 

5. ད་ལྟ་བསྐྱར་སྒྲིག་གི་ཐོག་ཏུ་ནོན། 

6. གསང་གྲངས་གསར་པ་ཞིག་གཏགས། དེ་ནས་ཡིག་སྒམ་གཉིས་པའི་ནང་དུ་གསང་གྲངས་དེ་བསྐྱར་དུ་གཏགས། དེ་ནས་གསང་གྲངས་བསྐྱར་སྒྲིག་གི་ཐོག་ཏུ་ནོན།

གསལ་བཤད། གསང་གྲངས་ལ་ཉུང་མཐར་ཡང་ཡིག་འབྲུ་བརྒྱད་དགོས། དེའི་ནང་དུ། ཡི་གེ་ཆེ་བ་དང་ཆུང་བ་ཨང་གྲངས་སོགས་ངེས་པར་དགོས།

ཁྱེད་ཀྱི་ཁ་པར་ཨང་གྲངས་བརྒྱུད་ནས་བདེན་དཔང་བྱས་ཏེ། བིམ་མཛོད་ཀྱི་གསང་གྲངས་བཅོས་སྒྱུར་བྱེད་ཆོག་པའི་གདམ་གའང་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *