ཆ་འཕྲིན་ལོངས་སྤྱོད། -p23

ངོ་སྤྲོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་ལྟར་ན། གནས་ཚུལ་རག་པར་བྱེད་པ་ནི། ཆ་འཕྲིན་གྱི་བཞུར་རྒྱུན་མ་འགག་པར་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་སྤེལ་གཏོང་བར་མེད་ཐབས་མེད་པའི་ཀ་བ་ལྟ་བུ་ཞིག་ཆགས་ཡོད། 

མི་སྒེར་ཚང་མར་རང་ལ་གང་དགོས་ཀྱི་གནས་ཚུལ་རག་ཐབས་བྱེད་ཆོག་པའི་ཐོབ་ཐང་ཡོད་ཀྱང་། འཛམ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱི་ནང་དུ། རྒྱལ་ཁབ་ཀྱི་ཆོས་ལུགས་དད་མོས་དང་།སྲིད་གཞུང་གིས་འོས་འཚམ་མིན་པར་ངོས་འཛིན་བྱས་པའི་ཆ་འཕྲིན། ཆ་འཕྲིན་གཞིར་བཞག་པའི་ཆབ་སྲིད་ཀྱི་ལྟ་བ་སོགས་རྒྱུ་མཚན་འདྲ་མིན་ལ་གཞི་བཅོལ་ཏེ་གནས་ཚུལ་སྣ་ཚོགས་བཀག་སྡོམ་བྱེད་ཀྱི་ཡོད་ལ། ཡང་རྒྱལ་ཁབ་གཞན་ཁ་ཤས་ཀྱི་ནང་དུ། སྲིད་གཞུང་གིས་མང་ཚོགས་སྟངས་འཛིན་བྱེད་ཐུབ་པའི་ཆེད་དུ་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད། 

མི་རེ་རེ་སྡོད་སའི་རྒྱལ་ཁབ་མི་འདྲ་བའི་དབང་གིས། རྒྱལ་ཁབ་རེ་རེའི་ནང་དུ། སྲིད་གཞུང་གིས་མང་ཚོགས་ཀྱི་ཐོག་ཏུ་ལག་བསྟར་གནང་བཞིན་པའི་གནས་ཚུལ་བཀག་སྡོམ་གྱི་ཚད་གཞི་ཡང་མི་འདྲ། དཔེར་ན། གནས་སྟངས་ཁ་ཤས་ཀྱི་ཁྲོད་དུ། ཁྱེད་ཀྱིས་སོ་སོས་ལྟ་ཀློག་བྱ་འདོད་སའི་དྲ་ཚིགས་ཁ་འབྱེད་མི་ཐུབ་པ་དང་། རང་ཉིད་ཀྱིས་ཕབ་ལེན་བྱེད་འདོད་པའི་བཀོལ་ཆས་མི་རྙེད་པའི་དཀའ་ངལ་འཕྲད་ཀྱི་ཡོད། ཚད་མཐོ་བའི་བཀག་སྡོམ་གྱི་གནས་སྟངས་འོག་ཏུ། ཁྱེད་ཀྱིས་ནམ་རྒྱུན་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་བརྒྱུད་ནས་ཆ་འཕྲིན་གང་ཡང་གཏོང་ལེན་བྱེད་མི་ཐུབ་པ་ཆགས་ཀྱི་ཡོད།

དྲ་རྒྱའི་ལྕགས་རིའམ་མེ་གྱང་ཆེན་མོས་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད། 

དྲ་རྒྱའི་ལྕགས་རིའམ་མེ་གྱང་ཆེན་མོ་ནི།  མང་ཚོགས་ཀྱི་ངོས་ནས་རྣོ་ངར་ལྡན་ཞིང། རྒྱལ་ཁབ་ཀྱི་བརྟན་རླིང་ལ་གནོད་པར་ངོས་འཛིན་བྱས་པའི་འི་ཆ་འཕྲིན་ཁག་ལྟ་ཀློག་བྱེད་པར་བཀག་འགོག་བྱེད་པའི་ཆེད་དུ་བཟོས་པའི་མ་ལག་ཅིག་ཡིན། མེ་གྱང་ཆེན་པོ་དེས་ཚད་མཐོ་བའི་འཕྲུལ་རིག་ལག་རྩལ་བེད་སྤྱད་དེ་ཆ་འཕྲིན་གྱི་འཁོར་རྒྱུག་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། དྲ་བའི་བཞུར་རྒྱུན་ལ་སོ་ལྟ་བྱས་ཏེ། གཞི་གྲངས་ཀྱི་ཁོངས་སུ་སྔོན་ཚུད་ནས་ཐག་གཅོད་བྱས་པའི་གནད་ཚིག་ཁག་བཀག་སྡོམ་བྱེད་ཀྱི་ཡོད། 

མེ་གྱང་ཆེན་མོ་ནི། རྒྱལ་ནང་གི་དྲ་རྒྱ་དོ་དམ་བྱེད་པའི་ཆེད་དུ་རྒྱལ་ཁབ་རིམ་པའི་ཁྲིམས་བཟོའི་ལས་དོན་དང་འཕྲུལ་རིག་ལག་རྩལ་ཟུང་འབྲེལ་བྱས་ཏེ་ལག་བསྟར་གནང་བའི་མ་ལག་ཅིག་ཡིན། གཤམ་གྱི་ཐབས་ལམ་འདི་དག་བེད་སྤྱད་དེ་མེ་གྱང་ལག་བསྟར་བྱེད་ཀྱི་ཡོད། 

བཀག་འགོག་བྱས་པའི་IP་ཁ་བྱང་། 

སྲིད་གཞུང་གིས་དྲ་ཚིགས་ཤིག་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱས་ཚེ། དྲ་བའི་ལམ་སྟོན་ཆས་སྒྲིག་བཟོ་བྱས་པའི་ཐོག་ནས། དྲ་ཚིགས་དེའི་དྲ་བའི་ཞབས་ཞུ་ཆས་ཀྱི་IP་ཁ་བྱང་དང་འབྲེལ་བའི་གཞི་གྲངས་ཡོངས་རྫོགས་བཀག་འགོག་བྱེད་ཐུབ་ཀྱི་ཡོད། གལ་ཏེ། མི་ཞིག་གིས་དྲ་བའི་ཞབས་ཞུ་ཆས་ལ་དྲ་སྦྲེལ་བྱེད་པའི་རྩོལ་བ་བྱེད་སྐབས། ནོར་འཁྲུལ་གྱི་འཕྲིན་ཐུང་ཞིག་གམ། ཡང་ན། དྲ་ངོས་སུ་སྒོར་དབྱིབས་ཤིག་སྐོར་བ་རྒྱག་པ་སྟོན་གྱི་ཡོད།

ཁོངས་མིང་མ་ལག་ལ་གཡོ་བཅོས་དང་ནད་དུག་བགོ་བ། 

གལ་ཏེ། ཁྱེད་ཀྱིས་ནེག་ཡོག་དྲ་ཚིགས་ལ་www.nytimes.com ལ་ལྟ་འདོད་པའི་དབང་དུ་བཏང་བ་ཡིན་ན། ལྟ་ཀློག་གི་རེ་སྐུལ་དེས་ཁོངས་མིང་མ་ལག་གི་ཁོངས་ནས་དྲ་ཚིགས་དེའི་IP་ཁ་བྱང་འཚོལ་གྱི་ཡོད། འོན་ཀྱང་། གལ་ཏེ། ཁོངས་མིང་མ་ལག་ལ་གཞན་གྱིས་ཐེ་བྱུས་བྱས་ཡོད་ཚེ། ལྟ་ཀློག་གི་རེ་སྐུལ་དེར་དྲ་ཚིགས་ངོ་མའི་IP་ཁ་བྱང་རག་མི་ཐུབ་པའི་དཀའ་ངལ་འཕྲད་སྲིད། དེའི་མཇུག་འབྲས་ལ་བརྟེན་ནས། ཁྱེད་ཀྱིས་ནེག་ཡོག་དྲ་ཚིགས་ལྟ་ཀློག་བྱེད་མི་ཐུབ་ལ། དེའི་ཚབ་ཏུ་དྲ་ཚིགས་རྫུན་མ་ཞིག་ཁ་འབྱེད་སྲིད། བརྒྱུད་རིིམ་དེའི་ཁྲོད་དུ། ཁོངས་མིང་མ་ལག་གིས་ཁྱེད་ལ་དྲ་ཚིགས་ངོ་མའི་IP་ཁ་བྱང་ཕྱིར་གཏོང་བྱེད་མ་ཐུབ་པས། ནེག་ཡོག་དྲ་ཚིགས་ལྟ་ཀློག་བྱེད་མ་ཐུབ་པ་ཆགས་པ་རེད།

གཞི་གྲངས་གཏིང་ཟབ་ཞིབ་བཤེར།

གཞི་གྲངས་གཏིང་ཟབ་ཞིབ་བཤེར་གྱི་ཁྲོད་དུ། དྲ་རྒྱའི་མ་ལག་དོ་དམ་པས་དྲ་བའི་བཞུར་རྒྱུན་ཞིབ་བཤེར་ས་ཚིགས་སུ་གསང་སྡོམ་བྱས་མེད་པའི་ཆ་འཕྲིན་གྱི་ནང་དོན་ཁག་ལ་དབྱེ་ཞིབ་དང་འཚག་རྒྱག་གི་ཡོད་པ་མ་ཟད། སྲིད་གཞུང་གི་སྒྲིག་གཞི་དང་ཆ་འཕྲིན་གྱི་ནང་དོན་གཞིར་བཟུང་བའི་ཐོག་ནས་སྐབས་ཐོག་ཏུ་ཆ་འཕྲིན་བཀག་སྡོམ་བྱེད་དགོས་མིན་ཐག་གཅོད་བྱེད་ཀྱི་ཡོད། གལ་ཏེ། དྲ་ཚིགས་ཤིག་གི་ཁ་བྱང་གི་ཁོངས་སུ། དམངས་གཙོ་དང་རང་དབང་སོགས་མི་འོས་པའི་ཐ་སྙད་ཡོད་ཚེ། གཞི་གྲངས་གཏིང་ཟབ་ཞིབ་བཤེར་བྱེད་སྤྱད་ཀྱི་མཉེན་ཆས་དེས་དྲ་སྦྲེལ་བཀག་སྡོམ་བྱེད་ཀྱི་ཡོད། དྲ་ཚིགས་ཤིག་གི་གཙོ་ངོས་ལ་ལྟ་ཀློག་བྱེད་པའི་ཆོག་མཆན་རག་རུང་། དྲ་ཚིགས་དེའི་ནང་གི་ཆ་ཤས་གང་རུང་དུ་ཁྲིམས་འགལ་གྱི་ནང་དོན་ཡོད་ཚེ། གོང་དང་གཅིག་མཚུངས་ལྟར། བཀག་འགོག་བྱེད་ངེས། 

ད་དུང་། མི་སྒེར་དང་། ཚོགས་པ། འཕྲུལ་རིག་བཟོ་ཚོང་ཁང་སོགས་ཀྱིས་རང་ངོས་ནས་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་ལ། རྣོ་ངན་ལྡན་པའི་ཆ་འཕྲིན་རག་ཐབས་བྱས་པ་ལ་བརྟེན་ནས་ནག་ཉེས་ཕོག་པར་ཞེད་སྣང་སྐྱེས་ཏེ། མི་ཚོས་ཀྱང་རང་ཉིད་ཀྱི་དྲ་སྟེང་གི་བྱེད་སྒོ་ཁག་ལ་ཚོད་འཛིན་བྱེད་ཀྱི་ཡོད། དེ་མ་ཚད། སྤྱི་ཚོགས་འབྲེལ་མཐུད་དྲ་བ་གཉེར་མཁན་གྱི་འཕྲུལ་རིག་ཚོང་ལས་ཁང་ཁག་གིས་ཀྱང་། སྲིད་གཞུང་གིས་གཏན་འབེབས་གནང་བའི་སྒྲིག་གཞི་ལ་འགལ་གྱི་ཡོད་མེད་ལ་མ་ལྟོས་པར། དང་བླངས་ཀྱི་ཐོག་ནས་ཆ་འཕྲིན་བཀག་སྡོམ་བྱེད་ཀྱི་ཡོད། 

གང་ལྟར་ཀྱང་། དྲ་ཐོག་གི་གནས་ཚུལ་བཀག་སྡོམ་བྱ་སའི་ས་ཁུལ་ཁག་གི་ནང་དུ་གནས་པའི་མི་ཚོས། རྟོག་བཟོས་མི་སྒེར་དྲ་བ་དང་ཁྲོར་ལྟ་བུའི་དྲ་རྒྱ་བཀག་སྡོམ་ལ་གཡོལ་བྱེད་ཀྱི་ལག་ཆ་བཀོལ་སྤྱོད་བྱས་ཚེ། བཀག་སྡོམ་བྱས་ཡོད་པའི་ཆ་འཕྲིན་ཁག་རྒྱུན་ལྡན་ལྟར་ལོངས་སུ་སྤྱོད་ཐུབ། རྟོག་བཟོས་མི་སྒེར་དྲ་བ་ནི། མཉེན་ཆས་ཤིག་ཡིན་ལ། དེས་ཁྱེད་རང་སྡོད་སའི་ས་ཁུལ་གྱི་ནང་དུ་བཀག་སྡོམ་བྱས་ཡོད་པའི་ཆ་འཕྲིན་ཁག་ཁྱེད་ལ་ལོངས་སུ་སྤྱོད་དུ་འཇུག་གི་ཡོད། རྟོག་བཟོས་སྒེར་དྲས་གསང་སྡོམ་དང་ཆ་འཕྲིན་བཀག་སྡོམ་ལ་གཡོལ་བྱེད་ཀྱི་ཐབས་ལམ་བེད་སྤྱད་དེ་ཁྱེད་ཀྱི་དྲ་བའི་ལམ་ཁ་སྦ་གསང་བྱེད་ཀྱི་ཡོད་པ་མ་ཟད། བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་དུ་འཇུག་གི་ཡོད། ཁྲོར་བཀོལ་ཆས་ཀྱིས་རྟོག་བཟོས་མི་སྒེར་དྲ་བས་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་ཁྱད་ཆོས་ཀྱི་སྟེང་དུ། མི་སྒེར་གྱི་ངོ་བོ་སྦ་གསང་བྱེད་ཀྱི་ཡོད། 


གནས་ཚུལ་བཀག་སྡོམ་དང་གསང་བའི་མྱུལ་ཞིབ་ཀྱི་ཉེན་ཁ།

གནས་ཚུལ་བཀག་སྡོམ།

གནས་ཚུལ་བཀག་སྡོམ་ནི་དྲ་བའི་བཞུར་རྒྱུན་ལ་ཚོད་འཛིན་དང་བཀག་འགོག་བྱེད་པ་ལ་ཟེར། དེའི་དོན་ནི། དྲ་ཐོག་གི་ཆ་འཕྲིན་གྱི་ནང་དོན་བཀག་འགོག་དང་མི་ཕན་ཚུན་བར་གྱི་འབྲེལ་མཐུད་ལ་བཀག་རྒྱ་བཟོ་བ་ཞིག་ལ་གོ  སྲིད་གཞུང་དང་། བཟོ་ལས་ཁང་། ཚོགས་པ་སྒྲིག་འཛུགས། དྲ་བའི་སྡིངས་ཆ་མཁོ་སྤྲོད་བྱེད་མཁན། ས་གནས་ཀྱི་དྲ་བ་མཁོ་སྤྲོད་མཁན(ཇ་ཁང་། དཔེ་མཛོད་ཁང་། མགྲོན་ཁང་)སོགས་དབང་ཚད་མི་འདྲ་བའི་རིམ་པ་འདྲ་མིན་གྱིས་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ཆེད་དུ་གནས་ཚུལ་བཀག་སྡོམ་བྱེད་སྲིད། འོན་ཀྱང་། དུས་རྒྱུན་གནས་ཚུལ་བཀག་སྡོམ་ལ་ཡོངས་ཁྱབ་ཀྱི་ལྟ་སྟངས་ཡག་པོ་མེད། གང་ཡིན་ཞེ་ན། གནས་སྟངས་མང་ཆེ་བའི་ཁྲོད་དུ། སྲིད་གཞུང་གིས་དབང་ཆ་དམ་འཛིན་བྱེད་པའི་ཆེད་དུ། ཆ་འཕྲིན་བཀག་སྡོམ་བྱས་ཏེ་མི་ཚོར་གནས་ཚུལ་ངོ་མ་རག་ཏུ་འཇུག་གི་མེད། སྲིད་གཞུང་དེ་དག་གི་དམིགས་ཡུལ་ནི། ཆ་འཕྲིན་གྱི་སྤུས་ཀ་དང་གྲངས་ཚད་སོགས་ལ་ཚོད་འཛིན་ནན་མོ་བྱས་ཏེ་མང་ཚོགས་ཀྱི་ནུས་སྟོབས་ཉམས་དམས་གཏོང་རྒྱུ་དེ་ཡིན། མི་ཚོར་ཆ་འཕྲིན་ངོ་མ་མ་རག་པར་རྒྱུན་རིང་པོར་ལྷག་ཚེ། ནམ་ཞིག་མི་ཚོ་སྲིད་གཞུང་གི་རེ་འདོད་ལྟར། གནད་དོན་གང་ལའང་སྤྲོ་བ་མེད་མཁན་དང་ཁ་ཡ་མི་བྱེད་མཁན་ཆགས་པའི་ཉེན་ཁ་ཡོད།

  • གཤམ་དུ་གནས་ཚུལ་བཀག་སྡོམ་གྱི་དཔེ་མཚོན་ཁག་ཅིག་ཡིན།

གནས་ཚུལ་བཀག་སྡོམ་དེ་རྒྱལ་ཁབ་ཀྱི་དྲིལ་བསྒྲགས་ཀྱི་ལག་ཆར་བཀོལ་ཆོག་གི་ཡོད། དེ་ཇི་ལྟར་བྱེད་ཀྱི་ཡོད་ཅེ་ན། སྲིད་གཞུང་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་དང་གསར་འགྱུར་ཁོ་ན་མ་གཏོགས། དྲ་སྟེང་དུ་ཕྱི་ཕྱོགས་ཀྱི་གནས་ཚུལ་གང་ཡང་ལྟ་མི་ཐུབ་པ་བཟོ་བ་ལྟ་བུ།

  • མཚམས་རེར། སྲུང་སྐྱོབ་དང་བདེ་འཇགས་ཀྱི་ཁ་གཡང་འོག་ཏུ་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད། དཔེར་ན། ངོ་རྒོལ་ལས་འགུལ་བཀག་འགོག་བྱེད་པའི་ཆེད། མང་ཚོགས་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཞིག་གཏན་དུ་སྒོ་རྒྱག་པ་ལྟ་བུ། མང་ཚོགས་ཞེད་སྣང་མི་ཡོང་བའི་ཆེད་དུ་ཡིན་ཞེས་ཏོག་དབྱིབས་ནད་དུག་སྐོར་གྱི་གནས་ཚུལ་བཀག་འགོག་བྱེད་པ་ལྟ་བུ། རྒྱུ་མཚན་འདི་འདྲར་ཁ་གཡར་ཏེ་མང་ཚོགས་ཀྱི་ཐོག་ཏུ་གསང་བའི་མྱུལ་ཞིབ་ཀྱང་བྱེད་སྲིད། 
  • གནས་ཚུལ་བཀག་སྡོམ་གྱི་བྱེད་ཐབས་སྤྱད་དེ། ཆ་འཕྲིན་གྱི་བཞུར་རྒྱུན་ལ་བཀག་འགོག་བྱས་ཏེ་ས་ཁུལ་བྱེ་བྲག་ཅིག་གི་ནང་གི་གནས་ཚུལ་ཞིག་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་ཤོར་དུ་མི་འཇུག དཔེར་ན། ས་ཁུལ་ཞིག་གི་ནང་དུ། དོན་རྐྱེན་དང་ཆག་སྒོ་སོགས་འབྱུང་དུས། སྲིད་གཞུང་གིས་གནས་ཚུལ་དེ་རྒྱལ་ཁབ་གཞན་པར་ཤེས་སུ་འཇུག་འདོད་མེད་ཚེ། དོན་རྐྱེན་དེ་དང་འབྲེལ་བའི་ཆ་འཕྲིན་དང་འབྲེལ་མཐུད་ཡོངས་རྫོགས་བཀག་འགོག་བྱེད་ངེས།

དེ་ཡང་། ང་ཚོས་སློབ་ཐུན་སྔོན་མའི་ནང་དུ་གྲོས་བསྡུར་བྱས་པ་བཞིན། གནས་ཚུལ་བཀག་སྡོམ་གྱི་བྱེད་སྒོ་དེ་གནས་རིམ་འདྲ་མིན་ནས་བྱེད་སྲིད།

  • འཛད་སྤྱོད་པས་རང་འགུལ་གྱི་ཐོག་ནས་གནས་ཚུལ་བཀག་སྡོམ་བྱེད་པ།
  • དྲ་ཐོག་གི་སྡིངས་ཆ་དང་བཀོལ་ཆས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱིས་གནས་ཚུལ་བཀག་སྡོམ་བྱེད་པ།
  • འཚོལ་བཤེར་མ་ལག་གིས་གནས་ཚུལ་བཀག་སྡོམ་བྱེད་པ།
  • ས་གནས་ཀྱི་དྲ་བ་དང་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱིས་གནས་ཚུལ་བཀག་སྡོམ་བྱེད་པ་སོགས་ཡོད།

གནས་ཚུལ་བཀག་སྡོམ་གྱི་ཤུགས་རྐྱེན་ཁག་ཅིག་ནི། 

  • འཕྲུལ་རིག་གི་རང་དབང་མེད་པ།
    • དྲ་རྒྱའི་རང་དབང་བྲལ་བ།
    • བསམ་བློའི་རང་དབང་བྲལ་བ།
      • སྨྲ་བརྗོད་རང་དབང་བྲལ་བ།
    • ལྟ་ཚུལ་འབུར་འཇོམས།
      • ཆ་འཕྲིན་ལོངས་སྤྱོད་ཀྱི་རང་དབང་བྲལ་བ།
      • གནས་ཚུལ་ངོ་མ་མ་རག་པ།
      • གནས་ཚུལ་རྫུན་མ་ལ་གཡོལ་བའི་གོ་སྐབས་མེད་པ།
      • ཆ་འཕྲིན་གྱི་བཞུར་རྒྱུན་ལ་འགོག་རྐྱེན་ཐེབས་པ།(རྒྱལ་ཁབ་ཕྱི་ནང་གི་འབྲེལ་བ་བཅད་པ)

གསང་བའི་མྱུལ་ཞིབ་ནི། 

གནས་ཚུལ་བཀག་སྡོམ་དང་འདྲ་བར། སྲིད་གཞུང་ལྟ་བའི་སྒྲིག་འཛུགས་ཆེ་ཁག་གིས་དབང་ཆ་དམ་འཛིན་བྱེད་པའི་ཆེད་དུ་ལག་བསྟར་བྱེད་ཀྱི་ཡོད། ལག་ལེན་དེའི་ཁྲོད་དུ་འཇིགས་སྣང་སྐུལ་བའི་བྱེད་ཐབས་བེད་སྤྱད་དེ། མང་ཚོགས་སྤྱི་དང་། ལྷག་པར་དུ། སྲིད་གཞུང་དང་ཁ་གཏད་དུ་ལངས་མཁན་གྱི་མི་ཚོ་གྲགས་མེད་དུ་གཏོང་་གི་ཡོད། གསང་བའི་མྱུལ་ཞིབ་ཀྱིས་མི་སྒེར་གྱི་གསང་རྒྱ་ལ་དོ་ཕོག་བཟོ་གི་ཡོད་སྟབས། མི་ཞིག་གི་འཚོ་བ་དངོས་ཀྱི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད། དཔེར་ན། འཛད་སྤྱོད་པ་ཞིག་གི་དྲ་ཐོག་གི་བྱེད་ལས་ཤིག་གི་དབང་གིས། མི་དེར་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བཀག་ཉར་དང་འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་ལ། མི་དེས་འབྲེལ་བ་བྱ་སའི་མི་ཚང་མར་ཡང་གཅིག་མཚུངས་ཀྱི་ཉེས་པ་ཕོག་སྲིད་ཀྱི་ཡོད། 

ཁྱེད་ཀྱིས་སོ་སོའི་ཁ་པར་གྱི་སྐད་སྦུག་དང་བརྙན་མིག་སོགས་བཀོལ་སྤྱོད་བྱེད་ཀྱི་མེད་པའི་སྐབས་སུ། དེ་དག་གིས་ལས་ཀ་བྱེད་ཀྱི་ཡོད་པའི་རྟགས་མཚན་མངོན་ཚེ། མི་གཞན་གྱིས་ཁྱེད་རང་གི་ཐོག་ཏུ་གསང་མྱུལ་བྱེད་ཀྱི་ཡོད་སྲིད། འོན་ཀྱང་། མྱུལ་ཞིབ་ཀྱི་ལས་ཀ་ནི་དུས་རྒྱུན་ལྐོག་ནས་བྱེད་ཀྱི་ཡོད། གལ་ཏེ། ཁྱེད་རང་དམ་བསྒྲགས་ཤུགས་ཆེན་པོ་ཡོད་སའི་ས་ཁུལ་གྱི་ནང་དུ་ཡོད་ཚེ། ག་དུས་ཡིན་ཡང་ཡིད་གཟབ་བྱེད་དགོས་ལ། རང་ཉིད་ལ་ག་དུས་ཡིན་ཡང་མི་གཞན་གྱིས་མྱུལ་ཞིབ་བྱེད་ཀྱི་ཡོད་སྲིད་པའི་སྔོན་དཔག་བྱེད་དགོས། དེ་མ་ཟད། དྲ་མྱུལ་བྱེད་སྐབས། རང་ཉིད་ཀྱི་ངོ་བོ་སྦ་གསང་བྱས་ཏེ། གསང་མྱུལ་ལ་གཡོལ་བའི་ཐབས་ལམ་སྤྱོད་དགོས། 

མྱུལ་ཞིབ་འོག་ཚུད་པ་ལ་བརྟེན་ནས་འབྱུང་སྲིད་པའི་གནོད་འཚེ།

  • སྒེར་གྱི་གསང་རྒྱ་་ཤོར་བ།
    • གཏོང་ལེན་བྱས་པའི་གནས་ཚུལ་ཆ་ཚང་མི་གཞན་གྱི་ལག་ཏུ་ཤོར་བ།
    • ཁྱེད་ལ་རྗེས་འདེད་གཏོང་བ།
      • དྲ་ཐོག་གི་བྱེད་སྒོ།
      • སྡོད་གནས།
      • འབྲེལ་གཏུག་བྱ་སའི་མི་གཞན་དག
    • ཁྱེད་རང་ངོས་འཛིན་བྱེད་ཐུབ་པའི་དྲ་སྟེང་གི་གནས་ཚུལ།
    • སྨྲ་བརྗོད་དང་བསམ་བློའི་རང་དབང་འབུར་འཇོམས།

གནས་ཚུལ་བཀག་སྡོམ་དང་གསང་བའི་མྱུལ་ཞིབ་ཀྱི་ཉེན་ཁ་ཆུང་དུ་གཏོང་སྟངས།

གནས་ཚུལ་བཀག་སྡོམ་དང་གསང་བའི་མྱུལ་ཞིབ་ལ་འབྲེལ་བ་ཆགས་པའི་ཉེན་ཁ་མང་པོ་ཡོད་རུང་། ཉེན་ཁ་དེ་དག་ཆུང་དུ་གཏོང་བྱེད་ཀྱི་ལག་ཆ་ཡང་མང་པོ་ཡོད། ཁྱེད་ཀྱི་ཁ་པར་གྱི་སྟེང་དུ་རྟོག་བཟོས་མི་སྒེར་དྲ་བ་དང་ཁྲོར་སོགས་བཀོལ་སྤྱོད་བྱས་ཏེ་བཀག་སྡོམ་དང་མྱུལ་ཞིབ་སོགས་ལ་གཡོལ་ཆོག་པ་མ་ཟད། དུས་མཚུངས་སུ་སོ་སོའི་གསང་རྒྱ་དང་ངོ་བོ་སྲུང་སྐྱོབ་བྱེད་ཆོག

རྟོག་བཟོས་མི་སྒེར་དྲ་བ།(VPN)

རྟོག་བཟོས་མི་སྒེར་དྲ་བའི་ལས་ཀ་བྱེད་སྟངས།

རྟོག་བཟོས་མི་སྒེར་དྲ་བས་ཁྱེད་ལ་ཡོངས་ཁྱབ་ཀྱི་དྲ་རྒྱའི་འབྲེལ་མཐུད་མ་ཡིན་པའི་སྒེར་གྱི་དྲ་བ་ཞིག་ལོགས་སུ་བསྐྲུན་ཏེ་གསང་རྒྱ་མཁོ་སྤྲོད་བྱེད་ཀྱི་ཡོད། རྟོག་བཟོས་མི་སྒེར་དྲ་བས་ཁྱེད་ཀྱི་IP་ཁ་བྱང་སྦ་གསང་བྱེད་ཀྱི་ཡོད་སྟབས། མི་གཞན་གྱིས་ཁྱེད་ཀྱི་དྲ་སྟེང་གི་བྱེད་སྒོ་ཁག་རྗེས་འདེད་གཏོང་མི་ནུས། དེ་ལས་ཀྱང་གལ་ཆེ་བ་ནི། རྟོག་བཟོས་མི་སྒེར་དྲ་བས་བདེ་འཇགས་དང་གསང་སྡོམ་གྱི་འབྲེལ་མཐུད་བསྐྲུན་ཏེ་ཚད་མཐོའི་གསང་རྒྱ་མཁོ་སྤྲོད་བྱེད་ཀྱི་ཡོད། རྟོག་བཟོས་མི་སྒེར་དྲ་བ་ནི། ནམ་རྒྱུན་བཀག་སྡོམ་བྱས་ཡོད་པའི་ཆ་འཕྲིན་གྱི་ནང་དོན་ཁག་ལྟ་ཀློག་བྱེད་ཐུབ་པའི་ཆེད་དང་། མི་སྒེར་གྱི་གསང་རྒྱ་དང་བདེ་འཇགས་ཁག་ཐེག་བྱེད་ཐུབ་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད།

རྟོག་བཟོས་མི་སྒེར་དྲ་བ་འོས་སྦྱོར་བྱེད་དོན།

  • ཁྱེད་ཀྱི་དྲ་མྱུལ་གྱི་བྱེད་སྒོ་བརྟན་པོ་ཉར་ཐུབ།
  • དྲ་ལམ་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་པའི་གཞི་གྲངས་ཁག་གསང་སྡོམ་བྱེད་ཐུབ།
  • བཀག་སྡོམ་བྱས་པའི་ཆ་འཕྲིན་གྱི་ནང་དོན་ལ་ལྟ་ཐུབ།

ཉེན་བརྡ། འོན་ཀྱང་། རྒྱ་ནང་གི་བཀོལ་ཆས་ཚོང་ཁང་དུ་ཡོད་པའི་རྟོག་བཟོས་མི་སྒེར་དྲ་བ་ཁག་ལ་ཡིད་གཟབ་བྱེད་དགོས། གང་ཡིན་ཞེ་ན། རྟོག་བཟོས་མི་སྒེར་དྲ་བ་དེ་དག་ལ་གཞུང་གི་ཆོག་མཆན་ཐོབ་ཡོད་སྟབས། ཁོང་ཚོས་ལྐོག་ནས་ཁྱེད་རང་སྐོར་གྱི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་སྲིད་ལ། དེ་དག་སྲིད་གཞུང་ལ་རྩིས་སྤྲོད་ཡང་བྱེད་སྲིད། དེ་བས་བདག་གིས་དངོས་གཞི་ཟབ་སྦྱོང་གི་སྐབས་སུ་འོས་སྦྱོར་བྱེད་ངེས་པའི་རྟོག་བཟོས་མི་སྒེར་དྲ་བ་ཁག་བཀོལ་སྤྱོད་བྱེད་ཐུབ་ན་ལེགས།

རྟོག་བཟོས་མི་སྒེར་དྲ་བ་འོས་སྦྱོར་བྱེད་དོན།

  • ཁྱེད་ཀྱི་དྲ་མྱུལ་གྱི་བྱེད་སྒོ་བརྟན་པོ་ཉར་ཐུབ།
  • དྲ་ལམ་དུ་འགྲུལ་བཞུད་བྱེད་ཀྱི་ཡོད་པའི་གཞི་གྲངས་ཁག་གསང་སྡོམ་བྱེད་ཐུབ།
  • བཀག་སྡོམ་བྱས་པའི་ཆ་འཕྲིན་གྱི་ནང་དོན་ལ་ལྟ་ཐུབ།

ཁྲོར་མཉེན་ཆས་ཀྱི་ལས་ཀ་བྱེད་སྟངས།

ཁྲོར་ནི་ཁུངས་འབྱེད་སྒེར་གྱི་དྲ་བ་ཞིག་ཡིན་ལ། དེས་དྲ་མྱུལ་བྱེད་སྐབས་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་ཀྱི་ཡོད། འཛམ་གླིང་ཡོངས་ཀྱི་ཁྲོར་རྩིས་འཕྲུལ་དྲ་བས་བདེ་འཇགས་དང་གསང་སྡོམ་བྱས་པའི་གྲོས་མཐུན་བཀོལ་ཏེ་མི་སྒེར་གྱི་གསང་རྒྱ་སྲུང་སྐྱོབ་དང་ཁག་ཐེག་བྱེད་ཀྱི་ཡོད། ཙོང་རིལ་ལ་པགས་པ་རིམ་པ་མང་པོ་ཡོད་པ་བཞིན། ཁྲོར་མཉེན་ཆས་ཀྱིས་འཛད་སྤྱོད་པའི་དྲ་ལམ་གྱི་གཞི་གྲངས་དང་འབྲེལ་མཐུད་ཁག་རིམ་པ་བརྩེགས་སྒྲིག་གི་བྱེད་ཐབས་སྤྱད་དེ་འགེབས་སྲུང་བྱེད་ཀྱི་ཡོད། ཁྲོར་མཉེན་ཆས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གི་རྩིས་འཕྲུལ་མང་པོ་དང་སྦྲེལ་ཏེ་ཙོང་ལྟར་བརྩིགས་རིམ་མང་པོ་བཟོས་ཏེ་གཞན་གྱིས་རྗེས་འདེད་གཏོང་དཀའ་བ་བཟོ་གི་ཡོད། ཁྲོར་ལ་སྔོན་ཚུད་ནས་སྒྲིག་བཟོ་བྱས་པའི་བཤེར་ཆས་ཤིག་ཡོད་ལ། དེས་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་ཐུབ།

ཁྲོར་འོས་སྦྱོར་བྱེད་དགོས་པའི་རྒྱུ་མཚན།

  • བདེ་འཇགས་ཀྱི་ཐོག་ནས་ཆ་འཕྲིན་བསྡུ་ལེན་དང་བརྒྱུད་སྐུར། 

བདེ་འཇགས་ཡོད་པའི་ཐོག་ནས་་མྱུལ་བྱེད་ཐུབ་པ་མ་ཟད། གཞན་གྱི་སྟངས་འཛིན་འོག་མ་ཤོར་བའི་ཐོག་ནས་དྲ་ཐོག་ཏུ་གཞི་གྲངས་སྣ་ཚོགས་བརྒྱུད་སྐུར་བྱེད་ཐུབ།

  • ཁྱེད་ཀྱི་ངོ་བོ་སྦ་གསང་དང་སྲུང་སྐྱོབ།

ཁྲོར་བཤེར་ཆས་ཀྱིས་ཁྱེད་ཀྱི་དྲ་སྟེང་གི་ངོ་བོ་སྲུང་སྐྱོབ་བྱས་ཏེ། ཁྱེད་རང་མི་གཞན་གྱིས་ངོས་འཛིན་བྱེད་མ་ཐུབ་པ་བཟོ་གི་ཡོད།

  • བཀག་སྡོམ་བྱས་པའི་གནས་ཚུལ་ཁག་ལྟ་ཀློག

རྒྱལ་ནང་དུ་བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་ཐུབ།

  • གསང་མྱུལ་ལས་འགེབས་སྲུང་།

ཁྱེད་རང་ངོས་འཛིན་བྱེད་མ་ཐུབ་པ་བཟོ་གི་ཡོད་སྟབས། གསང་བའི་མྱུལ་ཞིབ་ལ་གཡོལ་དུ་འཇུག་གི་ཡོད།

  • རྗེས་འདེད་གཏོང་ཆས་བཀག་འགོག

དྲ་སྟེང་དུ་རྗེས་འདེད་བཏང་སྟེ་ཁྱེད་རང་གི་དྲ་མྱུལ་གྱི་ལོ་རྒྱུས་དང་། ཁྱེད་ཀྱི་དྲ་སྟེང་གི་སྤྱོད་ལམ་སྐོར་གྱི་གནས་ཚུལ་བསྡུ་ལེན་བྱེད་མཁན་གྱི་རྗེས་འདེད་གཏོང་ཆས་བཀག་འགོག་བྱེད་ཐུབ།

  • མཛུབ་རིས་བཀག་འགོག

བཤེར་ཆས་མཛུབ་རིས་ཀྱི་ཁོངས་སུ། བཤེར་ཆས་དང་ཉེར་སྤྱོད་མ་ལག་གི་རིགས་དང་།ཐོན་རིམ། ཁ་སྣོན་ཡོ་ཆས། ས་ཁུལ་སོ་སོའི་དུས་ཚོད་ཀྱི་དབྱེ་བ། སྐད་ཡིག འཆར་ཤེལ་གྱི་གསལ་ཚད་སོགས་ཚུད་ཡོད་ལ། དེ་དག་གི་སྐོར་གྱི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པ་སོགས་བཀག་འགོག་བྱེད་ཐུབ།

ཁྲོར་བཤེར་ཆས་གང་ནས་ཕབ་ལེན་བྱེད་ཐུབ། 

  • www.torproject.org་དྲ་ཚིགས་དང་། བཀོལ་ཆས་ཚོང་ཁང་། https://s3.amazonaws.com/loklad.com/tor-browser.html  གློག་ཀླད་དྲ་ཚིགས་བཅས་ནས་ཕབ་ལེན་བྱེད་ཐུབ་ལ། Windows་སྐར་ཁུང་རྩིས་འཕྲུལ་དང་།  Linux, ཀུ་ཤུ་རྩིས་འཕྲུལ་གྱི་མ་ལག་macOS X   ཨན་ཌོ་ཁ་པར་བཅས་ཀྱི་ནང་བཀོལ་ཐུབ། 
https://lamyiq.com/orbot/

ཨན་ཌོ་ཁ་པར་ཆེད་ཨོར་བྷོར། (ཨོར་བྷོར་ནི་ཨན་ཌོ་ཁ་པར་ནང་གི་ཁྲོར་ཡིན་ལ། དེ་བཀོལ་ཆས་ཚང་མའི་ཆེད་དུ་བཀོལ་ཆོག)
https://lamyiq.com/torbrowser/

ཨན་ཌོ་ཁ་པར་ཆེད་ཁྲོར་བཤེར་ཆས། (བཤེར་ཆས་ཀྱི་སྟེང་ནས་ཆ་འཕྲིན་ཡོད་དོ་ཅོག་ལོངས་སུ་སྤྱོད་ཐུབ།)

སྤྱིར་བཏང་གི་རྟོག་བཟོས་མི་སྒེར་དྲ་བ་གཞན་དག་དང་མི་འདྲ་བར། ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་ཐུབ། ཆ་འཕྲིན་ལོངས་སྤྱོད་ཀྱི་ཆེད་དུ་བཀོལ་ཆོག་པའི་ལག་ཆ་གཞན། 

https://lamyiq.com/piphon/

ཨན་ཌོ་ཁ་པར་ཆེད་Psiphon སའེ་ཧྥོན། 
https://lamyiq.com/lantern-for-android/

ཨན་ཌོ་ཁ་པར་ཆེད་Lantern ལྒང་བཞུ།
https://lamyiq.com/free-browser/

ཨན་ཌོ་ཁ་པར་ཆེད་ Free browser བཤེར་ཆས།
Leave a Reply

Your email address will not be published. Required fields are marked *