མི་སྒེར་གྱི་དྲ་ལམ་གློག་རྡུལ་ངོ་བོ་དང་འཕྲུལ་རིག་གི་འཇིག་རྟེན་ལ་རྒྱུས་ལོན།

ངོ་བོ་ནི་མི་སྒེར་རང་ཉིད་སུ་ཡིན་མིན་དེ་རེད། ངོ་བོ་ནི་ཀུན་འདུས་ཀྱི་ཐ་སྙད་ཅིག་ཡིན་ལ། དེའི་ཁོངས་སུ་མི་སྒེར་གྱི་ལོ་རྒྱུས། དད་མོས། སྤྱོད་ལམ། ཁྱིམ་ཚང་། རིག་གཞུང་སོགས་ཚུད་ཡོད། མི་ཞིག་གི་ངོ་བོ་དེ་རིམ་པ་དང་ངོས་སྣ་ཚོགས་ནས་འགྲེལ་ཆོག བོད་པ་ཞིག་གིས་སོ་སོའི་ལས་རིགས་ཀྱི་སྟེང་ནས་ཞིང་པ་དང་། སྡོད་གནས་ཀྱི་སྟེང་ནས་ལྷ་ས་བ། རིགས་རུས་ཀྱི་སྟེང་ནས་བོད་པ། ཆོས་ལུགས་ཀྱི་སྟེང་ནས་ནང་པ། མིའི་རིགས་རྒྱུད་ཀྱི་སྟེང་ནས་ཡ་གླིང་གི་མི་སོགས་ལ་ངོས་འཛིན་བྱེད་ཆོག་པ་ལྟར་རེད།

འཕྲུལ་རིག་གི་འཇིག་རྟེན་དུའང་ང་ཚོར་གློག་རྡུལ་གྱི་ངོ་བོ་ཡོད།

གློག་རྡུལ་གྱི་ངོ་བོ་ནི་ཅི་ཞིག་ཡིན། 

གློག་རྡུལ་གྱི་ངོ་བོ་ནི་དྲ་སྟེང་དུ་ཡོད་པའི་མི་སྒེར་གྱི་གནས་ཚུལ་དང་འབྲེལ་བའི་ཕྱོགས་བསྡུས་ཀྱི་ཆ་འཕྲིན་ཞིག་ཡིན་ལ། ཐུན་མིན་གྱི་ངོས་འཛིན་ཡོ་ཆས་་བརྒྱུད་ནས་མི་སྒེར་དང་ཁོང་གིས་སྤྱོད་བཞིན་པའི་ཁ་པར་དང་རྩིས་འཕྲུལ་སོགས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། མི་སྒེར་དང་འབྲེལ་བའི་གནས་ཚུལ་དེ་དག་དྲ་ཚིགས་ཀྱི་བདག་པོ་དང་ཁྱབ་བསྒྲགས་གཏོང་མཁན་གྱིས་བཀོལ་སྤྱོད་བྱས་ཏེ། འཛད་སྤྱོད་པ་རྗེས་འདེད་དང་། འཛད་སྤྱོད་པའི་དགའ་མོས་ལ་གཞིགས་པའི་ཐོག་ནས་དམིགས་བཟུང་གི་ཁྱབ་བསྒྲགས་རིགས་གཏོང་སྲོལ་ཡོད། 

ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། རང་ཉིད་ཀྱི་ངོ་བོ་བདེན་དཔང་བྱེད་པའི་ཆེད་དུ། ང་ཚོས་གཞུང་འབྲེལ་གྱི་ཐོབ་ཐང་ལག་འཁྱེར་དང་ཕྱི་བསྐྱོད་ལམ་ཡིག་སོགས་སྟོན་དགོས་ཀྱི་ཡོད་པ་བཞིན། འཕྲུལ་རིག་གི་འཇིག་རྟེན་ཁྲོད་དུ། ང་ཚོས་རང་ཉིད་ཀྱི་ངོ་བོ་བདེན་དཔང་བྱེད་སྤྱད་ཀྱི་ཆ་འཕྲིན་ཁག་དྲ་ལམ་ལ་ཡར་འཇུག་བྱེད་ཀྱི་ཡོད། 

འོན་ཀྱང་། གློག་རྡུལ་གྱི་ངོ་བོ་ལས་སླ་པོའི་ཐོག་ནས་རྫུན་བཟོ་བྱེད་ཐུབ་ཀྱི་ཡོད། གང་ཡིན་ཞེ་ན། གཞུང་འབྲེལ་གྱི་ཡིག་ཆ་དེ་དག་གློག་རྡུལ་གྱི་རྣམ་པའི་ནང་དུ་བཟོས་ཏེ་ཁ་པར་ནང་དུ་ཉར་ཚགས་བྱེད་ཆོག་གི་ཡོད། དེ་བས་མི་ངན་པ་ཚོས་གློག་རྡུལ་གྱི་རྣམ་པའི་ནང་དུ་ཡོད་པའི་ཡིག་ཆ་དེ་དག་གཡོ་བཅོས་བྱེད་ངེས་པས། ངོ་བོ་རྐུ་འཁྱེར་བྱེད་པའི་ཉེན་ཁ་ཆེན་པོ་ཡོད། མི་གཞན་པར་བརྫུ་ཐབས་ཀྱི་ལམ་ཁ་གཞན་དེ་ནི། འཛད་སྤྱོད་པ་གང་རུང་ཞིག་གི་དྲ་ཐོག་གི་གསང་གྲངས་དང་། ཁ་པར་ཨང་གྲངས་སོགས་བཀོལ་སྤྱོད་ལོག་པ་བཏང་སྟེ། མི་གང་དེའི་དྲ་ལམ་གྱི་ཐོ་མཛོད་ཀྱི་ཁོངས་སུ་འཛུལ་ཏེ། མི་དེར་དྲ་འབྲེལ་ཡོད་པའི་མི་གཞན་ཚང་མར་མགོ་སྐོར་གཏོང་བ་དེ་ཡིན།

མི་སྒེར་གྱི་དྲ་ལམ་གློག་རྡུལ་ངོ་བོ་གལ་ཆེན་པོ་ཆགས་ཀྱི་ཡོད་པའི་རྒྱུ་མཚན་ནི། མི་ཁག་ཅིག་གིས་རང་ཉིད་ཀྱི་གསང་རྒྱ་དང་བདེ་འཇགས་གལ་གནད་ཆེན་པོར་བརྩིས་ཏེ། རང་ཉིད་ཀྱི་དྲ་ལམ་གྱི་གློག་རྡུལ་ངོ་བོ་དོ་དམ་དང་འགན་སྲུང་བྱེད་ཐུབ་ཀྱི་ཡོད་རུང་། སྤྱིར་བཏང་གི་མི་ཕལ་ཆེ་བའི་གསང་རྒྱ་དང་བདེ་འཇགས་མི་གཞན་གྱི་ལག་ནང་དུ་ལྷག་བསྡད་ཡོད། དེ་བས་ཁོང་ཚོས་རང་ཉིད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད། 

དེ་ན་ང་ཚོས་ག་རེ་བྱེད་ཐུབ། 

༡ ༽ རང་ཉིད་ཀྱི་ཁ་པར་ནང་གི་ཉེར་སྤྱོད་མ་ལག་དང་། བཀོལ་ཆས། དྲ་རྒྱ་བཤེར་ཆས་སོགས་དུས་ཐོག་ཏུ་གསར་སྣོན་བྱས་ཏེ། དུས་ཡོལ་གྱི་མཉེན་ཆས་གང་ཡང་བཀོལ་སྤྱོད་བྱེད་ཀྱི་མེད་པའི་ཁག་ཐེག་བྱེད་དགོས། དེ་ལྟར་བྱས་ན། ཉེས་ཅན་པར་འཇབ་རྒོལ་རྩོམ་པའི་གོ་སྐབས་རག་མི་ཐུབ། 

༢ ༽ དྲ་ཐོག་ཏུ་རང་ཉིད་སྒེར་གྱི་གསང་བའི་གནས་ཚུལ་གྱི་རིགས་ཏེ།་དཔེར་ན། ཁ་པར་ཨང་གྲངས་དང་། སྐྱེས་ཚེས་སོགས་ཡར་འཇུག་བྱེད་པའི་སྐབས་སུའམ། དྲ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱེད་སྐབས། དྲ་ཚིགས་གང་དེར་གསང་སྡོམ་བྱས་ཡོད་མེད་ངེས་པར་དུ་ཞིབ་བཤེར་བྱེད་དགོས། དྲ་ཚིགས་གང་རུང་ཞིག་གསང་སྡོམ་བྱས་ཡོད་མེད་ཇི་ལྟར་བརྟག་དགོས་པ་རེད་ཟེར་ན། ལྟ་ཀློག་བྱ་སའི་དྲ་ཚིགས་ཀྱི་མདུན་དུ། ཟྭའམ་སྒོ་ལྕགས་ཀྱི་རྟགས་ཤིག་ཡོད་མེད་ལྟ་དགོས།

གལ་ཏེ། ཟྭའི་རྟགས་དེ་ཡོད་ན། དྲ་ཚིགས་དེའི་སྟེང་ནས་གསང་བའི་ཡིག་ཆ་གཏོང་ལེན་བྱས་ན་བརྟན་པོ་ཡིན་པ་མཚོན་གྱི་ཡོད། ད་དུང་། གསང་བའི་ཡིག་ཆ་དང་གནས་ཚུལ་དྲ་ལམ་ནས་བརྒྱུད་གཏོང་བྱེད་སྐབས། སྤྱི་སྤྱོད་སྐུད་མེད་དྲ་བ་སྤྱོད་མི་རུང་། 

༣ ༽ དྲ་ཐོག་གི་ཐོ་མཛོད་ཁག་གི་གསང་གྲངས་བརྗེ་རྒྱུ་དེ་ཉོབ་སྣང་སྐྱེས་བའི་ལས་ཀ་ཞིག་ཡིན་རུང་། དུས་ནས་དུས་སུ་གསང་གྲངས་བརྗེ་རྒྱུ་ནི། དྲ་ཐོག་གི་འཇབ་རྒོལ་པ་ལ་གཡོལ་ཐབས་ཀྱི་ལམ་ཁ་ཡག་ཤོས་ཤིག་ཡིན།

༤ ༽ ད་དུང་། ཁ་པར་ནང་དུ་གནོད་ཚབས་ཆེ་བའི་བཀོལ་ཆས་རྫུན་མ་དེ་འདྲ་ཕབ་ལེན་བྱས་ན། མཉེན་ཆས་དེས་ཁྱེད་ཀྱི་ཁ་པར་ནང་དུ་ཁྱེད་ཀྱིས་ཕབ་ལེན་མ་བྱས་པའི་མཉེན་ཆས་གཞན་པ་དེ་འདྲའང་རང་བཞིན་གྱིས་ཐོག་ནས་ཕབ་ལེན་བྱེད་ངེས་ལ། དེ་མ་ཟད། ཁྱེད་ཀྱི་མིང་ཐོག་ནས་མི་གཞན་ལ་འཕྲིན་ཐུང་དང་ཡིག་ཟམ་སོགས་ཀྱང་གཏོང་ཐུབ་ཀྱི་ཡོད། དེ་བས། ཁུངས་ལྡན་མིན་པའི་བཀོལ་ཆས་ཀྱི་མཛོད་གང་བྱུང་ནས་མཉེན་ཆས་ཕབ་ལེན་བྱེད་མི་རུང་། 

༥ ༽ ལྷག་པར་དུ། དེང་སང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ནི་གྲོགས་པོ་དང་ནང་མི་སོགས་ལ་འབྲེལ་བ་འཛིན་བྱེད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཆགས་ཡོད་ལ། ང་ཚོས་རང་ཉིད་སྒེར་གྱི་ཉིན་རེའི་འཚོ་བའི་ནང་གི་གནས་ཚུལ་མང་པོ་ཞིག་དྲ་ལམ་ལ་སྤེལ་གྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་དྲ་ལམ་ལ་སྤེལ་བའི་གནས་ཚུལ་དེ་དག་དྲ་ཐོག་གི་འཇབ་རྒོལ་པར་མཚོན་ན། ཁྱེད་ལ་འཇབ་རྒོལ་བྱེད་སྤྱད་ཀྱི་ལག་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད། དེ་བས། རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་བ་ཆེ་མ་ཆུང་གསུམ་མཐའ་དག་སྦ་གསང་གང་ཡང་མེད་པའི་ཐོག་ནས་དྲ་སྟེང་དུ་སྤེལ་མི་རུང་བ་དེ་ཤེས་དགོས། 

རང་ཉིད་ཀྱི་དྲ་ཐོག་གི་གློག་རྡུལ་ངོ་བོ་ནི་རིན་ཐང་ཆེ་བའི་རྒྱུ་རྫས་ཤིག་ཡིན་ལ། གོང་འཁོད་ཀྱི་བདེ་འཇགས་ཀྱི་ལམ་སྟོན་འདི་དག་ལག་བསྟར་གནང་ཚེ། སོ་སོའི་ངོ་བོ་འགན་སྲུང་བྱེད་ཐུབ། 

ཐེངས་རྗེས་མའི་མུ་འགོད་རྩོམ་ཡིག་ནང་དུ། རང་འགུལ་གྱི་ཐོག་ནས་བདེ་འཇགས་གསར་སྣོན་ནུས་ཡོད་བཟོ་སྟངས་སྐོར་གླེང་སློང་བྱེད་རྒྱུ་ཡིན།


1 comment
  1. ཁ་པར་སྤྱོད་དགོས་མཁན་ཞིག་ཡིན་པས་ཆ་ནས་རང་ལ་དབང་བས་སྣོད་ཡག་པོ་ཟིག་ཡོད་ན་འདོད།ཡིན་ཡང་དེ་གཞན་གྱི་གནོད་སྐྱོན་སོགས་གང་ཡང་མེད་ཐུབ་སོང་ན་ཡག་པོ་རེད།དེས་ཕྱིར་ཁྱེད་ཀྱི་གསུང་བས་གསང་བ་དམ་དུ་འཆང་ནས་པས་དགོས་མཁོ་ཅན་ཚང་མ་ཉས་སོང་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *