ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ།


དྲ་ཐོག་ཏུ་བཀོལ་ཆས་ངོ་མར་བརྫུས་པའི་གནོད་འཚེ་རང་བཞིན་ཅན་གྱི་བཀོལ་ཆས་རྫུན་མ་བརྒྱ་ཕྲག་མང་པོ་འབྱུང་གི་ཡོད་ལ། བཀོལ་ཆས་རྫུན་མ་དེ་དག་བཀོལ་ཆས་ངོ་མའི་མ་དཔེ་ལ་བརྫུས་ཏེ་དེའི་ནང་དུ་མཉེན་འབུ་འཇུག་གི་ཡོད། མཉེན་འབུ་བསྐུངས་བའི་བཀོལ་ཆས་རྫུན་མ་དེས་འཇབ་རྒོལ་པ་ཚོར་འཛད་སྤྱོད་པའི་ཁ་པར་ནང་གི་གཞི་གྲངས་ལྐོག་འཁྱེར་དང་བཀོལ་སྤྱོད་ལོག་པ་གཏོང་བའི་ཆ་རྐྱེན་བསྐྲུན་གྱི་ཡོད། 

དེང་གི་འཕྲུལ་རིག་གི་འཇིག་རྟེན་དུ་ཁ་པར་དང་བཀོལ་ཆས་ཁག་ཉིན་མ་རེ་རེར་གལ་ཇེ་ཆེ་རུ་འགྱུར་བཞིན་ཡོད་པ་དེས་དམིགས་བསལ་དྲ་ཐོག་གི་ཉེན་ཅན་པ་ཚོའི་དོ་སྣང་འདྲེན་ཐུབ་ཡོད་ལ། དེའི་མཇུག་འབྲས་ལ་བརྟེན་ནས། ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ཛ་ཇེ་དྲག་ཏུ་འགྲོ་བཞིན་ཡོད། དེ་ན་ང་ཚོས་ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁའི་རིགས་ཁག་ཅིག་ལ་མཉམ་དུ་ཞིབ་ལྟ་བྱེད།

གནོད་ཚབས་ཆེ་བའི་བཀོལ་ཆས་དང་དྲ་ཚིགས་ཁག

དེང་སང་གི་ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་ཁག་རྩིས་འཕྲུལ་དང་འདྲ་བར་དྲ་རྒྱར་མཐུད་ཐུབ་ཀྱི་ཡོད་སྟབས། དྲ་ཐོག་གི་ཉེན་ཅན་པ་ཚོས་གནོད་ཚབས་ཆེ་བའི་བཀོལ་ཆས་དང་དྲ་ཚིགས་གང་རུང་བརྒྱུད་དེ་འཛད་སྤྱོད་པའི་ཁ་པར་ལ་འཇབ་རྒོལ་བྱེད་ཀྱི་ཡོད། དེའི་དབང་གིས། ཁྱེད་རང་མི་གཞན་གྱིས་གསང་བའི་མྱུལ་ཞིབ་ཀྱི་འོག་ཏུ་ཚུད་པ་དང་། མི་གཞན་གྱིས་ཁྱེད་ཀྱི་གཞི་གྲངས་་རྐུ་འཁྱེར་བྱེད་པ་ལ་སོགས་པའི་དོན་རྐྱེན་མང་པོ་འབྱུང་གི་ཡོད། གནོད་འཚེ་ལྡན་པའི་བཀོལ་ཆས་དེ་ཚོར་རིགས་མི་འདྲ་བ་སྣ་ཚོགས་ཡོད་ལ། དེ་དག་གི་ཆེས་རྒྱུན་ལྡན་གྱི་རིགས་ཤིག་ནི། སྐད་གྲགས་ཆེ་བའི་བཀོལ་ཆས་ཤིག་ལ་བརྫུས་ཏེ། ཁྲིམས་འགལ་གྱི་ཐོག་ནས་མི་སྒེར་གྱི་དྲ་ལམ་གྱི་ཐོ་ཁོངས་ཀྱི་གསང་གྲངས་རག་ཐབས་བྱེད་པ་དེ་ཡིན།

ཉྭ་འཛིན།

ཉྭ་འཛིན་གྱི་འཇབ་རྒོལ་ནི་དེང་སང་གི་ཆེས་ཁྱབ་ཆེ་བའི་འཇབ་རྒོལ་གྱི་རིགས་ཤིག་ཡིན་ལ། དེས་དྲ་ཐོག་གི་འཇབ་རྒོལ་གྱི་རིགས་གཞན་དག་རྩོམ་པར་རོགས་འདེགས་བྱེད་ཀྱི་ཡོད། འཇབ་རྒོལ་འདིའི་རིགས་ཀྱི་ཁྲོད་དུ། དང་ཐོག་མཉེན་འབུ་བསྐུངས་པའི་གནོད་འཚེ་ཅན་གྱི་འབྲེལ་ཐག་ཅིག་གམ་ཟུར་སྣོན་ཞིག་ཡིག་ཟམ་གྱི་ནང་དུ་འཇུག་གི་ཡོད། ཁ་པར་ནང་གི་ཉྭ་འཛིན་གྱི་འཇབ་རྒོལ་ཁྲོད་དུ། འཕྲིན་ཐུང་དང་། ཡིག་ཟམ། སིམ་འཛུལ་བཀོལ་ཆས། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ནང་དུ་ཟུར་སྣོན་དང་འབྲེལ་ཐག་བཏང་སྟེ་འཛད་སྤྱོད་པའི་ཡིག་ཆའི་རིགས་སྣ་ཚོགས་ཀྱི་ཐོག་ཏུ་འདྲེ་ལག་རྐྱོང་གི་ཡོད།

བཙན་ལེན་དྲ་འབུ།

མི་རྣམས་ཁ་པར་ལ་བརྟེན་དྲགས་པས། བཙན་ལེན་དྲ་འབུ་ནི་ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི་ཆེས་རྒྱུན་ལྡན་གྱི་ཉེན་ཁ་ཞིག་ཆགས་ཡོད་ལ། མི་ལ་གནོད་འཚེ་གཏོང་བའི་ཚད་གཞི་ཡང་ཧ་ཅང་མཐོ་བོ་ཡོད། བཙན་ལེན་དྲ་འབུ་གྱིས་མི་སྒེར་གྱི་གཞི་གྲངས་ཁག་ལ་ཟྭ་བརྒྱབ་སྟེ། དོ་བདག་གིས་ཀྱང་སོ་སོའི་ཁ་པར་སྟེང་གི་ཡིག་ཆ་ཁག་ཁ་འབྱེད་མི་ཐུབ་པ་བཟོས་ཏེ། དེ་དག་ཁ་འབྱེད་པར་དཔལ་འབྱོར་གྱི་གུན་ཚབས་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད། 

འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ།

འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ་ཇི་ལྟར་རྩོམ་གྱི་ཡོད་པ་རེད་ཟེར་ན། དྲ་ཐོག་གི་ཉེས་ཅན་པ་ཞིག་མི་གཉིས་ཀྱི་དྲ་བའི་འབྲེལ་མཐུད་ཀྱི་ལམ་ཁའི་ནང་དུ་འཛུལ་ཏེ་ལྐོག་ཉན་བྱེད་ཀྱི་ཡོད་པ་མ་ཟད། མི་དེ་གཉིས་ཀས་ཕན་ཚུན་བར་གཏོང་རེས་བྱས་པའི་གཞི་གྲངས་ཀྱི་ནང་དོན་ལ་བསྒྱུར་བཅོས་གཏོང་གི་ཡོད། རྩིས་འཕྲུལ་བཀོལ་སྤྱོད་བྱེད་སྐབས་སུ། དྲ་བའི་བཞུར་རྒྱུན་གྱིས་བདེ་འཇགས་ཀྱི་འབྲེལ་མཐུད་ཆེད་དུ་གསང་སྡོམ་བྱས་པའི་HTTPS བཀོལ་གྱི་ཡོད། འོན་ཀྱང་། ཁ་པར་ནང་དུ་ཕན་ཚུན་ལ་འཕྲིན་ཐུང་གཏོང་སྐབས་དེ་འདྲའི་གསང་སྡོམ་བཀོལ་གྱི་མེད། དེར་བརྟེན། གསང་སྡོམ་བྱས་མེད་པའི་HTTP་སྤྱད་དེ། ཁ་པར་ནང་གི་གནོད་ཚབས་ཆེ་བའི་བཀོལ་ཆས་བརྒྱུད་དེ་ལས་སླ་པོའི་ཐོག་ནས་ཆ་འཕྲིན་གྱི་ནང་དོན་ལ་ལྐོག་ལྟ་བྱེད་་ཐུབ་ཀྱི་ཡོད། 

ཚད་མཐོ་བའི་རོ་ཐུ་དང་བཙོན་གྲོལ་གྱི་ལག་རྩལ།

བཙོན་གྲོལ་ནི་རོ་ཐུ་དང་འདྲ་བར། ཁ་པར་བཟོ་ལས་ཁང་གི་སྔར་ཡོད་ཀྱི་ཉེར་སྤྱོད་མ་ལག་ལ་འགྱུར་བ་བཏང་སྟེ་ཚད་བཀག་ཡོད་ཚད་མེད་པ་བཟོ་གི་ཡོད། བཙོན་གྲོལ་་བརྒྱུད་ནས་ཐོབ་པའི་ཆོག་མཆན་དེ་དག་གིས་དྲ་ཐོག་གི་ཉེས་ཅན་པ་ཚོར་འཛད་སྤྱོད་པའི་ཁ་པར་ནང་གི་གཞི་གྲངས་ཀྱི་ཁོངས་སུ་སིམ་འཛུལ་བྱེད་པའི་ནུས་པ་སྤྲོད་ཀྱི་ཡོད། བཙོན་གྲོལ་བྱས་མེད་པའི་ཁ་པར་ནང་དུ་བྱེད་ལས་གང་བྱུང་རྩོམ་པའི་ཆོག་མཆན་མེད་སྟབས། བཙོན་གྲོལ་བྱས་པའི་ཁ་པར་ལ་གནོད་འཚེ་ཕོག་སྲིད་པའི་ཚད་གཞི་དེ་བཙན་གྲོལ་བྱས་མེད་པའི་ཁ་པར་དང་བསྡུར་ན་མཐོ་བ་ཡོད། 

Leave a Reply

Your email address will not be published. Required fields are marked *