ཁྲེ་ཟིན(Tessian)དང་པོ་ཎེ་མོན་ལྟེ་གནས་ཁང་(Ponemon 研究所)གཉིས་ཀྱི་ཉམས་ཞིབ་པ་ཚོས། ལས་མི་ཚོས་ཡིག་ཟམ་ནང་དུ་ནོར་འཁྲུལ་བཟོས་པ་ལ་བརྟེན་ནས། འདས་པའི་ཟླ་བ་༡༢་ཀྱི་ནང་དུ་འཛམ་གླིང་གི་ཚོགས་སྡེ་ཁག་གི་བརྒྱ་ཆ་60%་ལྷག་ལ་གཞི་གྲངས་བོར་བརླག་དང་སིམ་འཛུམ་གྱི་དོན་རྐྱེན་བྱུང་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད།
དེ་ཡང་དྲ་ལམ་བདེ་འཇགས་ཆེད་གཉེར་མི་སྣའི་བརྒྱ་ཆ་65% ལྷག་གིས་བརྗོད་གསལ་ལྟར་ན། ཡིག་ཟམ་ནི་དྲ་ཐོག་གི་འབྲེལ་མཐུད་ཀྱི་བརྒྱུད་ལམ་ཉེན་ཁ་ཆེ་ཤོས་དེ་ཡིན་འདུག དེའི་རྗེས་ཀྱི་ཉེན་ཁ་ཆེ་ཤོས་དེ་སྤྲིན་ལམ་(云)གྱི་ཡིག་ཆ་མཉམ་སྤྱོད་ཡིན་འདུག་ལ། དེ་ནས་འཕྲིན་ཐུང་གླེང་མོལ་གྱི་སྡིངས་ཆ་ཁག་ཡིན་འདུག
ཉམས་ཞིབ་དེའི་ཁོངས་སུ། འཛམ་གླིང་ཁྱོན་ཡོངས་ཀྱི་དྲ་ལམ་བདེ་འཇགས་ཆེད་གཉེར་མི་སྣ་༦༡༤་ལྷག་ལ་དྲི་བ་དྲིས་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་གཤམ་གྱི་གྲུབ་དོན་འདི་དག་གསལ་འདོན་གནང་ཡོད།
ཚོགས་སྡེ་ཁག་གི་ལས་མི་ཚོས་རང་རང་སོ་སོའི་ཚོགས་སྡེས་གཏན་ལ་ཕབ་པའི་སྲིད་ཇུས་ཁག་སྣང་མེད་དུ་བསྐྱུར་བའི་བྱ་སྤྱོད་ཀྱི་དབང་གིས། གཞི་གྲངས་བོར་བརླག་གི་དོན་རྐྱེན་སྣ་འདྲེན་བྱས་ཡོད། (བརྒྱ་ཆ 40%)
གཞི་གྲངས་བོར་བརླག་གི་དོན་རྐྱེན་གྱི་བརྒྱ་ཆ་27%ལྷག་ཚོགས་པའི་ནང་གི་ངན་སེམས་ཅན་གྱི་ལས་མི་དང་འབྲེལ་བ་ཆགས་ཡོད།
ཚོགས་པའི་ནང་གི་ངན་སེམས་ཅན་གྱི་ལས་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བའི་གཞི་གྲངས་བོར་བརླག་དང་ཕྱིར་འདྲེན་གྱི་དོན་རྐྱེན་ཁག བདེ་འཇགས་ཉེན་སྲུང་དོ་དམ་རུ་ཁག་གིས་ངོས་འཛིན་དང་བཅོས་སྒྲིག་བྱེད་པར་ཉིན་གསུམ་ཙམ་དགོས་ཀྱི་ཡོད།
ལས་མི་ཚོས་ཡིག་ཟམ་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཚོགས་སྡེ་ཁག་གི་བརྒྱ་ཆ་23%་ལ་ཟླ་རེའི་ནང་དུ་བདེ་འཇགས་ཀྱི་དོན་རྐྱེན་༣༠་ཙམ་འབྱུང་གི་ཡོད།
བསམ་བཞིན་དུ་རྐུ་འཁྱེར་བྱས་པའམ། བོར་བརླག་བྱུང་བའི་་གསང་བ་དང་རྣོ་ངར་ཅན་གྱི་གནས་ཚུལ་ཁག་གི་ཁོངས་སུ། ཚོང་འགྲུལ་པའི་གནས་ཚུལ།(བརྒྱ་ཆ61%) ཤེས་བྱའི་ཐོན་དངོས་བདག་དབང་།(56%) འཛད་སྤྱོད་པའི་གནས་ཚུལ།(47%)་སོགས་ཚུད་ཡོད།
འཛད་སྤྱོད་པས་བསྐྲུན་པའི་གཞི་གྲངས་(ཡིག་ཟམ་གྱི་ནང་དོན་དང་། སྒེར་གྱི་གསང་བའི་ཡིག་ཆ་ལྟ་བུ།)་དང་། དོ་དམ་བྱས་པའི་གཞི་གྲངས་(དངུལ་བྱང་གི་གཞི་གྲངས་དང་། སྤྱི་ཚོགས་འགན་སྲུང་ཨང་གྲངས། ཐོབ་ཐང་དཔང་ཡིག་གི་ཨང་གྲངས། ལས་མིའི་གཞི་གྲངས་ལྟ་བུ།) ཤེས་བྱའི་ཐོན་དངོས་བདག་དབང་བཅས་ནི། གཞི་གྲངས་བོར་བརླག་གི་ཁྲོད་དུ་ཆེས་སྲུང་སྐྱོབ་བྱེད་དཀའ་བའི་གཞི་གྲངས་ཀྱི་རིགས་གསུམ་དེ་ཡིན་འདུག
ཚོགས་སྡེ་ཁག་གིས། མིག་དབང་གིས་དངོས་སུ་མཐོང་མི་ཐུབ་པའི་གཞི་གྲངས་ཁག་སྲུང་སྐྱོབ་བྱེད་དཀའ། ལས་མི་ཁག་གིས་ཚོགས་སྡེའི་དྲ་བའི་ཁོངས་ནས་སྒེར་གྱི་ཡིག་ཟམ་གྱི་ནང་དུ་བརྒྱུད་གཏོང་བྱས་པའི་རྣོ་ངར་ལྡན་པའི་གཞི་གྲངས་ཁག་མཐོང་དཀའ་བས། དེ་ནི་གཞི་གྲངས་བོར་བརླག་གི་དོན་རྐྱེན་སྔོན་འགོག་བྱེད་པར་འཕྲད་པའི་ཆེས་རྒྱུན་མཐོང་གི་བཀག་རྒྱ་ཞིག་ཡིན་པ་ལུང་འདྲེན་བྱས་ཡོད། ཉམས་ཞིབ་ཀྱི་དྲི་བར་ལན་འདེབས་བྱེད་མཁན་གྲས་ཀྱི་བརྒྱ་ཆ་52%ལྷག་གིས། གཞི་གྲངས་བོར་བརླག་གི་དོན་རྐྱེན་དང་། ཚད་ལྡན་གྱི་ལས་མིའི་གཞི་གྲངས་དོ་དམ་གྱི་བྱ་སྤྱོད་སོགས་ངོས་འཛིན་བྱེད་དཀའ་བ་བརྗོད་ཡོད། དེར་བརྟེན། ཚོགས་པའི་ནང་གི་ངན་སེམས་ཅན་གྱི་ལས་མིའི་བྱེད་ལས་ལ་བརྟེན་ནས་བྱུང་བའི་གཞི་གྲངས་བོར་བརླག་དང་ཕྱིར་འདྲེན་གྱི་དོན་རྐྱེན་ཁག་བདེ་འཇགས་ཉེན་སྲུང་དོ་དམ་རུ་ཁག་གིས་ངོས་འཛིན་དང་བཅོས་སྒྲིག་བྱེད་པར་ཆུ་ཚོད་༧༢་ལྷག་དགོས་ཀྱི་ཡོད་ལ། ལས་མིའི་སྣང་མེད་ཀྱི་བྱ་སྤྱོད་ལ་བརྟེན་ནས་བྱུང་བའི་དོན་རྐྱེན་ཁག་ངོས་འཛིན་དང་བཅོས་སྒྲིག་བྱེད་པར་དུས་ཡུན་ཆུ་ཚོད་༤༨་དགོས་ཀྱི་ཡོད།
ལས་མི་ཚོར་སློབ་སྦྱོང་སྤྲོད་དགོས་ཀྱི་ཡོད།
འཛམ་གླིང་གི་ཚོགས་སྡེ་ཁག་གི་བརྒྱ་ཆ་73%ཙམ་གྱིས། ལས་མི་ཚོས་ཡིག་ཟམ་བརྒྱུད་ནས་བཏང་བའི་གཞི་གྲངས་ཀྱི་གལ་ཆེའི་རང་བཞིན་དང་གསང་བའི་རང་བཞིན་གྱི་སྐོར་ཤེས་ཀྱི་མེད་པའི་སྐོར་ལ་སེམས་འཚབ་བྱེད་ཀྱི་ཡོད། དེ་མ་ཟད། ཚོང་གཉེར་དང་སྤྱི་འབྲེལ་སྡེ་ཁག་གིས་ཡིག་ཟམ་བཀོལ་སྤྱོད་བྱེད་སྐབས་དང་། (61%) ཐོན་སྐྱེད་དང་བཟོ་སྐྲུན།(58%) འཁོར་སྐྱོད་ཀྱི་བརྒྱུད་རིམ་ཁྲོད་དུ་གཞི་གྲངས་ཁག་ཉེན་ཁའི་གནས་སུ་བསྐྱལ་གྱི་ཡོད། (57%).
གཞི་གྲངས་བོར་བརླག་གི་དོན་རྐྱེན་ཁག་གི་སྐོར་ལ་གོ་རྟོགས་སྤེལ་ཆེད་དང་། གཞི་གྲངས་བོར་བརླག་གི་ཉེན་ཁ་ཞི་འཇམ་དུ་གཏོང་ཐབས་སུ། ཚོགས་སྡེ་ཁག་གིས་ལས་མི་ཚོར་གཞི་གྲངས་བོར་བརླག་དང་འབྲེལ་བའི་སྔོན་འགོག་གི་ཟབ་སྦྱོང་སྤྲོད་དགོས་ལ། ལས་མི་ཚོས་ཚོགས་སྡེ་དང་འབྲེལ་བའི་གཞི་གྲངས་ཁག་ཇི་ལྟར་དོ་དམ་བྱེད་ཀྱི་ཡོད་མེད་སྐོར་ལ་ཤེས་རྟོགས་ཡོང་བ་བྱེད་དགོས། བདེ་འཇགས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པའི་ཟབ་སྦྱོང་ཁག་གིས་ལས་མི་ཚོའི་བདེ་འཇགས་ཀྱི་སྤྱོད་ལམ་ཡར་རྒྱས་གཏོང་ཐུབ་ལ། ཚོགས་པའི་གཞི་གྲངས་ཁག་ཚོགས་པའི་ཕྱི་ལ་ཤོར་འགྲོ་བའི་དོན་རྐྱེན་ཁག་གི་གྲངས་འབོར་ཉུང་དུ་གཏོང་ཐུབ། བདེ་འཇགས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་པའི་ཟབ་སྦྱོང་གི་ཁོངས་སུ། གཞི་གྲངས་གང་དག་ལས་མི་སྒེར་གྱི་ཐོ་མཛོད་ནང་དུ་བརྒྱུད་གཏོང་བྱེད་ཆོག་པ་དང་། གཞི་གྲངས་གང་དག་ལས་མི་ཁག་ཚོགས་པ་དང་ཁ་འབྲལ་དུས་རང་ཉིད་དང་མཉམ་དུ་འཁྱེར་མི་ཆོག་པ། དེ་བཞིན། ལས་མི་ཕན་ཚུན་བར་དུ་ཡིད་ཆེས་བསྐྲུན་ཐབས་ཀྱི་རིག་གཞུང་སོགས་ཚུད་ཡོད་དོ།།