བསླུ་བྲིད་ཀྱི་རྒྱ་མཚོའི་ཀློང་ནས་ལེགས་སྐྱེས་འཚོལ་བ། གུང་སེང་གི་དུས་སྐབས་སུ་ཅ་དངོས་ཉོ་བ།
དུས་ཆེན་དང་གུང་སེང་སླེབས་ལ་ཉེ་བའི་དུས་སྐབས་རེ་རེར། མི་མང་ས་ཡ་མང་པོས་དུས་གཅིག་ཏུ་ལེགས་སྐྱེས་ཉོ་བའི་བྲེལ་བ་བྱེད་ཀྱི་ཡོད་སྟབས། དྲ་ཐོག་གི་འཇབ་རྒོལ་པ་ཚོར་མཚོན་ན། དེ་ནི་དམ་འཛིན་བྱེད་དགོས་པའི་གོ་སྐབས་བཟང་པོ་ཞིག་ཆགས་ཀྱི་ཡོད།
ལྷག་པར་དུ། དུག་དབྱིབས་ནད་དུག་གི་རྐྱེན་གྱིས། འཛམ་གླིང་གི་ཅ་དངོས་མཁོ་སྤྲོད་ཀྱི་ཕྲེང་ཐག་ལ་ཉེན་ཁ་བཟོས་ཡོད་ལ། མི་ཚོར་དགོས་མཁོ་ཆེ་བའི་ཅ་དངོས་མང་པོ་དུས་ཐོག་ཏུ་འཛད་སྤྱོད་པའི་ལག་ཏུ་འབྱོར་མ་ཐུབ་པའི་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད། ལྷག་པར་དུ། དུས་ཆེན་གལ་ཆེན་དང་དམིགས་བསལ་གྱི་གུང་སེང་གི་སྐབས་སུ། ཅ་དངོས་ཀྱི་དགོས་མཁོའི་ཚད་གཞི་གནམ་ལ་ཟུག་རུང་། ཁྲོམ་ར་ནས་མཁོ་སྤྲོད་བྱེད་ཐུབ་པའི་ནུས་པ་ལ་ཧ་ཅང་ཚད་བཀག་ཡོད། དེར་བརྟེན། མི་མང་པོ་ཞིག་གིས་གཅིག་ལས་གཅིག་མགྱོགས་ཀྱིས་ཅ་དངོས་གང་རུང་ཞིག་སོ་སོའི་ལག་ཏུ་འབྱོར་ཐབས་སུ་ཧམ་རྩོད་བྱེད་ཀྱི་ཡོད། འཛད་སྤྱོད་པ་ཚོའི་ཧམ་རྩོད་ཀྱི་དུས་སྐབས་དེ་ནི་འཇབ་རྒོལ་པ་ཚོར་མཁོ་བའི་གོ་སྐབས་དེ་ཆགས་ཀྱི་ཡོད་ལ། དུས་སྐབས་དེའི་རིང་མི་མང་པོ་ཞིག་འཇབ་རྒོལ་པའི་གཡོ་བྱུས་འོག་ཚུད་ཀྱི་ཡོད།
དུས་ཆེན་དང་གུང་སེང་སྐབས་མི་གཞན་གྱི་གཡོ་བྱུས་འོག་མ་ཚུད་པ་བྱེད་པར་ཁྱེད་ཀྱིས་ག་རེ་བྱེད་དགོས།
༡༽ དྲ་ཐོག་གི་གཡོ་བྱུས་ཚང་མར་ཐུན་མོང་དུ་ཡོད་པའི་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་བྱེད་དགོས།
གཡོ་བྱུས་དེ་འདྲའི་ཁོངས་སུ། མགྱོགས་པོ་ཅ་ལག་གང་རུང་ཞིག་ཉོས་ན་མ་གཏོགས། རྫོགས་འགྲོ་ཟེར་བའི་ཛ་དྲག་གི་སྐུལ་མ་གཏོང་བ་དང་། ཅ་ལག་གི་རིན་པ་མགྱོགས་པོ་ཕར་གཏོང་དགོས་པའི་སྐུལ་མ་བྱེད་པ་ལྟ་བུ།
༢༽ ཁྱེད་ཀྱིས་སོ་སོ་རང་ཉིད་ལ་དྲ་ལམ་དུ་ཅ་ལག་འཚོང་མཁན་གྱི་བཟོ་ཚོང་ཁང་དེ་ངོ་ཤེས་ཀྱི་ཡོད་མེད་དང་། ཡིད་ཆེས་མིན་དྲི་བ་འདྲི་དགོས། གལ་ཏེ། ངོ་ཤེས་ཀྱི་མེད་ཚེ། ཅ་ལག་མ་ཉོས་གོང་། བཟོ་ཚོང་ཁང་དེའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་རྒྱུ་གལ་ཆེ།
༣༽ ག་ལེར་ཐག་གཅོད་བྱོས། ཅ་ལག་ཅིག་ཉོ་བའི་སྐབས་སུ། བྲེལ་འཚུབ་བྱེད་མི་རུང་། ལྷོད་ལྷོད་བྱས་ནས་ཐག་གཅོད་བྱེད་དགོས། དྲ་ཐོག་གི་འཇབ་རྒོལ་པས་ཁྱེད་ཀྱི་ཐག་གཅོད་ཀྱི་ནུས་པ་དེ་སྟངས་འཛིན་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད།
༤༽ མི་གཞན་པའི་ཆེད་དུ་དྲ་ཐོག་ནས་ཅ་ལག་མ་ཉོ། མི་ཁ་ཤས་ཀྱིས་དྲ་ཐོག་ནས་ཁྱེད་རང་གི་གྲོགས་པོ་དང་ཤ་ཉེ་སོགས་ལ་བརྫུས་ཏེ། ཁོང་ཚོར་ཅ་ལག་རེ་མངགས་རོགས་ཞེས་སྐུལ་མ་བྱེད་ངེས། དེ་ཚོར་ངེས་པར་དུ་གཟབ་དགོས། རང་ཉིད་ཀྱི་གྲོགས་པོ་དང་ནང་མི་སོགས་ཀྱིས་དངོས་སུ་ཁྱེད་ལ་རེ་སྐུལ་བྱས་ན་མ་གཏོགས། དྲ་ཐོག་གི་བསླུ་བྲིད་དེ་རིགས་ཀྱི་འོག་ཏུ་རང་ཉིད་ཚུད་དུ་མ་འཇུག
༥༽ གནོན་ཤུགས་ཀྱི་འོག་ཏུ་ཅ་ལག་ཉོ་མི་རུང་། དྲ་ཐོག་ནས་ཅ་ལག་ཉོ་བའི་སྐབས་སུ། སེམས་པ་ལྷོད་ལྷོད་དང་སྐྱིད་པོ་ཡོད་དགོས། དེ་མ་གཏོགས། གནོན་ཤུགས་ཆེ་ན། ནོར་འཁྲུལ་བཟོ་བའི་ཉེན་ཁ་ཡོད་ལ། གོང་དུ་བརྗོད་པ་ལྟར། སེམས་པ་ལྷོད་ལྷོད་མེད་པའི་སྐབས་སུ། འཇབ་རྒོལ་པས་ཁྱེད་ལ་འཇབ་རྒོལ་བྱེད་སླ།