གནོད་ཚབས་ཆེ་བའི་བཀོལ་ཆས་ཀྱི་ནང་དུ་ཨན་ཌོ་གསང་མྱུལ་དྲ་འབུའི་ཁྱད་ཆོས་གསར་པ་ཞིག་སྒྲིག་འཇུག་བྱས་ཡོད་པ་དེས་འཛད་སྤྱོད་པ་ཚོར་དཀའ་ངལ་ཆེན་པོ་བསྐྲུན་གྱི་ཡོད། འཛད་སྤྱོད་པ་ཞིག་གིས་གསང་མྱུལ་དྲ་འབུ་དེ་འདྲ་རང་ཉིད་ཀྱི་ཁ་པར་ནས་ཕྱིར་འདོན་བྱེད་འདོད་པའམ། བདེ་འཇགས་དང་དྲ་བའི་གཙོ་གཉེར་ཚོང་ལས་ཁང་ཁག་གིས་དྲ་འབུ་དེ་འདྲ་བཀག་འགོག་བྱེད་བསམ་ཚེ། ད་ཆ་དཀའ་ངལ་རིམ་པ་གསར་པ་ཞིག་འཕྲད་ཀྱི་ཡོད།
ཨན་ཌོ་གསང་མྱུལ་དྲ་འབུའི་དེའི་རྒྱབ་ཏུ་C-23་ཟེར་བའི་ཚད་མཐོའི་རྒྱུན་བསྲིང་འཇིགས་སྐུལ་ཚོགས་པ་ཞིག་ཡོད་ལ། ཉམས་ཞིབ་པ་ཚོས་བརྗོད་ན།
བཀོལ་ཆས་དེས་ནམ་རྒྱུན་གྱི་བཀོལ་ཆས་གསར་སྣོན་དང་མ་ལག་གསར་སྣོན། ཨན་ཌོ་གསར་སྣོན་སོགས་ཀྱི་ངོ་བོར་བརྫུས་ཏེ། འཛད་སྤྱོད་པའི་ཁ་པར་གྱི་ནང་དུ་མ་ལག་ཐོན་གསར་པ་རྫུན་མ་ཞིག་ནང་འཇུག་བྱེད་ཀྱི་ཡོད་འདུག་ལ། དེ་ཡང་། མ་ལག་གསར་སྣོན་བྱེད་དགོས་པའི་རེ་སྐུལ་SMS འཕྲིན་ཐུང་བརྒྱུད་ནས་རྩོམ་གྱི་ཡོད་པར་དོགས་པ་བྱེད་ཀྱི་ཡོད་འདུག
བཀོལ་ཆས་དེ་ནང་འཇུག་ལེགས་འགྲུབ་བྱུང་ཚེ། གནོད་ཚབས་ཆེ་བའི་བཀོལ་ཆས་དེས་མི་སྒེར་གྱི་ཁ་པར་ནང་གི་འཕྲིན་ཐུང་། འབྲེལ་ཐོ། ཁ་པར་བཏང་བའི་ཟིན་ཐོ། པར་མཛོད། ཡིག་ཆ་སོགས་བསྡུ་རུབ་བྱེད་ཀྱི་ཡོད། དེས་ད་དུང་ཁྱེད་ཀྱི་ནམ་རྒྱུན་གྱི་ཁ་བརྡ་སྒྲ་ཕབ་པ་དང་། ཁ་པར་གཏོང་ལེན་གྱི་བྱེད་སྒོ་ཡོངས་རྫོགས་སྒྲ་ཕབ་པ། ཁ་པར་གྱི་འཆར་ངོས་པར་དང་བརྙན་ལེན་པ། འཛད་སྤྱོད་པའི་ཁ་པར་ནང་གི་པར་ཆས་སྤྱད་དེ་པར་ལེན་པ་སོགས་བྱེད་ཀྱི་ཡོད།
གསང་མྱུལ་དྲ་འབུའི་བཀོལ་ཆས་དེ་ཚོས་སོ་སོའི་བཀོལ་ཆས་ཀྱི་རྟགས་ཀྱང་བཀོལ་ཆས་ངོ་མ་དང་གཅིག་པ་བཟོས་ཏེ་འཛད་སྤྱོད་པས་དོ་སྣང་བྱུང་དཀའ་བ་བཟོ་གི་ཡོད།
གནོད་ཚབས་ཆེ་བའི་བཀོལ་ཆས་ཤིག་གིས་ཁྱེད་ཀྱི་ཁ་པར་གྱི་ནང་དུ་བྱེད་ཐུབ་པའི་ལས་དོན་ཧ་ཅང་མང་པོ་ཡོད་ལ། དེ་དག་གི་ཁྲོད་ཀྱི་བྱེད་ལས་ཁག་ཅིག་ངོ་མ་བློ་ཡུལ་ལ་ཤོང་དཀའ་བས། སོ་སོ་རང་ཉིད་ལ་གསང་མྱུལ་དྲ་འབུའི་འཇབ་རྒོལ་མ་ཕོག་པའི་ཆེད་དུ། ག་དུས་ཡིན་ཡང་གཞུང་ཕྱོགས་དང་ཁུངས་ལྡན་གྱི་གནས་ཁོ་ན་རུ་བཀོལ་ཆས་ཕབ་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ། ཨན་ཌོ་ཁ་པར་གྱི་ཉེར་སྤྱོད་མ་ལག་གསར་སྣོན་བྱེད་སྐབས་ཁ་པར་གྱི་སྒྲིག་འགོད་ཀྱི་ཁོངས་སུ་ཕྱིན་ཏེ་གསར་སྣོན་བྱེད་རྒྱུའང་གལ་ཆེའོ།