ཁེ་སི་ཕིར་སི་ཁེ་(Kaspersky)བདེ་འཇགས་དྲ་བའི་ཉམས་ཞིབ་གྲུབ་དོན་ལྟར་ན། སྤྱི་སྤྱོད་སྐུད་མེད་དྲ་བའི་མཐུད་སྣེ་ཕལ་ཆེ་བས་གཞི་གྲངས་བདེ་འཇགས་ཀྱི་དམིགས་དོན་ལ་དགོས་གལ་ཆེ་བའི་གསང་སྡོམ་གྱི་རིགས་གང་ཡང་བཀོལ་སྤྱོད་བྱེད་ཀྱི་མེད། དེང་གི་དུས་སུ། ང་ཚོས་ལས་དོན་ཡོངས་རྫོགས་དྲ་ལམ་ན་སྒྲུབ་ཀྱི་ཡོད་སྟབས། རང་ཉིད་ཀྱི་ཡོ་ཆས་སྦྲེལ་སའི་སྐུད་མེད་དྲ་བ་གང་དེ་གསང་སྡོམ་བྱས་ཡོད་པའི་ཁག་ཐེག་བྱེད་རྒྱུ་ཧ་ཅང་གནད་འགག་ཆེ། དེ་མ་ཟད། སྤྱི་སྤྱོད་སྐུད་མེད་དྲ་བ་གང་རུང་ཞིག་གསང་སྡོམ་བྱས་ཡོད་རུང་། དེ་མིན་གྱི་ཉེན་ཁ་ཁག་ཅིག་གིས་ང་ཚོར་མུ་མཐུད་ནས་དཀའ་ངལ་བསྐྲུན་སྲིད།
དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་འཛད་སྤྱོད་མང་པོ་ཞིག་གིས་སྤྱི་སྤྱོད་སྐུད་མེད་དྲ་བའི་ཉེན་ཁ་ཤེས་ཀྱི་མེད། དེར་བརྟེན། རྩོམ་ཡིག་འདིའི་ནང་དུ། བདག་གིས་སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་བྱས་པ་བརྟེན་ནས་འོང་བའི་ཉེན་ཁ་ཁག་ཅིག་གྲངས་འདྲེན་བྱེད་རྒྱུ་ཡིན།
༡ མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར།
ཆེས་རྒྱུན་ལྡན་དང་ཚབས་ཆེ་བའི་ཉེན་ཁ་ཞིག་ནི་མི་སྒེར་གྱི་གནས་ཚུལ་རྐུ་མ་ཤོར་བ་དེ་ཡིན། མི་སྒེར་གྱི་གནས་ཚུལ་ལམ་ཆ་འཕྲིན་རིགས་རྣམ་པ་དུ་མའི་ཁོངས་སུ་འདུས་ཡོད།
ཐོ་ཁོངས་སུ་འཛུལ་བྱེད་ཀྱི་གསང་ཚིག
དངུལ་རྩིས་ཀྱི་གནས་ཚུལ།
སྒེར་གྱི་གཞི་གྲངས།
པར་སོགས།
༢ འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ།
མི་ཞིག་གིས་ཁུངས་ལྡན་གྱི་སྤྱི་སྤྱོད་སྐུད་མེད་དྲ་བ་ཞིག་ལ་བརྫུས་ཏེ་ཁྱེད་རང་རྫུན་བཟོ་བྱས་པའི་དྲ་བ་དེར་མཐུད་དུ་འཇུག་གི་ཡོད། དཔེར་ན། གལ་ཏེ། ཁྱེད་རང་ལྷ་སའི་མགྲོན་ཁང་ཞིག་གི་ནང་དུ་མཚན་གཅིག་ལ་སྡོད་ཀྱི་ཡོད་པའི་དབང་དུ་བཏང་ན། མགྲོན་ཁང་དེས་ཁྱེད་རང་གི་ཁ་པར་དང་རྩིས་འཕྲུལ་སོགས་རིན་མེད་ཀྱི་ཐོག་ནས་མཐུད་ཆོག་པའི་སྐུད་མེད་དྲ་བ་མཁོ་སྤྲོད་བྱེད་སྲོལ་ཡོད་ལ། ཁྱེད་ཀྱིས་རང་ཉིད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་LhasaWiFi”སྐུད་མེད་དྲ་བར་མཐུད་རྐྱང་བྱེད་ཀྱི་ཡོད། འོན་ཀྱང་། ཡིད་གཟབ་མ་བྱས་ན། ཁྱེད་ཀྱི་གཞི་གྲངས་ཁག་གཞན་གྱི་ལག་ཏུ་ཤོར་ཉེན་ཆེ། ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་མཐུད་སའི་སྐུད་མེད་དྲ་བ་དེའི་བདག་པོ་ངོ་མ་ལྷ་སའི་མགྲོན་ཁང་མ་ཡིན་པར། མགྲོན་ཁང་དེའི་ནང་དུ་བསྡད་ཡོད་པའི་མི་ཞིག་གིས་མགྲོན་པོ་ཚོ་མགོ་སྐོར་གཏོང་བའི་ཆེད་དུ་བསྐྲུན་པ་ཞིག་ཡིན་སྲིད། གལ་ཏེ། སྐུད་མེད་དྲ་བ་དེ་འཇབ་རྒོལ་པས་བསྐྲུན་པ་ཞིག་ཡིན་ཚེ། ཁྱེད་ཀྱི་དྲ་སྟེང་གི་བྱེད་སྒོ་ཡོངས་རྫོགས་འཇབ་རྒོལ་པ་དེའི་རྩིས་འཕྲུལ་བརྒྱུད་ཀྱི་ཡོད་ལ། དྲ་བའི་འབྲེལ་མཐུད་བར་གྱི་མི་གཞན་པའི་འཇབ་རྒོལ་དེའི་ཁྲོད་དུ། ཁྱེད་ཀྱིས་དྲ་སྟེང་དུ་གནས་ཚུལ་ག་རེ་གཏགས་ཡོད་མེད་ཆ་ཚང་དྲ་ཇག་ལ་རག་ཐུབ་ཀྱི་ཡོད།
༣ མཉེན་འབུ་ཁྱབ་སྤེལ།
སྤྱི་སྤྱོད་སྐུད་མེད་དྲ་བ་བཀོལ་སྤྱོད་བྱེད་སྐབས་སུ་འཕྲད་སྲིད་པའི་ཉེན་ཁ་གཞན་ཞིག་ནི། ཁྱེད་ཀྱི་རྩིས་འཕྲུལ་གྱི་ནང་དུ་ནད་འབུ་འགོ་སྲིད་པ་དེ་རེད། མཉེན་འབུ་ཟེར་བ་དེ་རྣམ་པ་འདྲ་མིན་གྱི་ནང་དུ་གནས་ཀྱི་ཡོད།
དེ་དག་ནི།
- དུག་སྲིན།
- ས་འབུ།
- སིམ་འཛུལ་རྟ་ཕོ།
- བཙན་ལེན་དྲ་འབུ།
- ཁྱབ་བསྒྲགས་དྲ་འབུ་སོགས་ཡོད།
མཉེན་འབུའི་རིགས་མི་འདྲ་བ་འདི་དག་གི་སྐོར་ལ་ཞིབ་ཏུ་མཁྱེན་འདོད་ན། འདི་ལ་གཟིགས།
ཁྱེད་རང་གིས་མཐུད་སའི་སྤྱི་སྤྱོད་སྐུད་མེད་དྲ་བ་དེ་བཀོལ་སྤྱོད་བྱེད་མཁན་གྱི་མི་གཞན་པ་ཞིག་ལ་དམིགས་ཡུལ་ངན་པ་ཡོད་ཚེ། ཁོས་ཁྱེད་ཀྱི་རྩིས་འཕྲུལ་གྱི་ནང་དུ་མཉེན་འབུ་བླུགས་ཐུབ་ལ། དེ་བཞིན་སྐུད་མེད་དྲ་བ་མཁོ་སྤྲོད་བྱེད་མཁན་གྱིས་ཀྱང་ཁྱེད་ཀྱི་རྩིས་འཕྲུལ་ནང་དུ་ནད་འབུ་བགོ་ཐུབ་ཀྱི་ཡོད།
༤ གླེང་མོལ་ལ་འཇབ་རྒོལ།
གླེང་མོལ་འཇབ་རྒོལ་ནི་སྤྱི་སྤྱོད་སྐུད་མེད་དྲ་བ་དང་འབྲེལ་བའི་ཉེན་ཁ་གཞན་ཞིག་ཡིན། གནས་སྟངས་འདིའི་ཁྲོད་དུ། འཇབ་རྒོལ་པས་ཁྱེད་ཀྱི་རྩིས་འཕྲུལ་དང་། རྩིས་འཕྲུལ་དེ་དྲ་ཚིགས་གང་ལ་སྦྲེལ་ཡོད་མེད། ད་དུང་དེ་མིན་གྱི་ཞབས་ཞུ་གཞན་དག་གི་སྐོར་གྱི་གནས་ཚུལ་ཁག་བར་གཅོད་བྱེད་ཀྱི་ཡོད། འཇབ་རྒོལ་པར་གནས་ཚུལ་དེ་དག་རག་ཚར་ན། ཁོས་སོ་སོའི་རྩིས་འཕྲུལ་ཁྱེད་ཀྱི་རྩིས་འཕྲུལ་དང་ཆ་འདྲ་བ་སྒྲིག་འགོད་བྱས་ཏེ། ཁྱེད་ཀྱི་དྲ་བའི་འབྲེལ་མཐུད་ལ་འཇབ་རྒོལ་རྩོམ་གྱི་ཡོད།