དྲ་སྟེང་གི་བསླུ་བྲིད།

མི་ཁ་ཤས་ཀྱིས་དྲ་རྒྱ་བཀོལ་སྤྱོད་བྱས་པའི་ཐོག་ནས་མི་ཉམ་ཆུང་མང་པོ་ཞིག་བཅོམ་བཞིན་ཡོད། དྲ་སྟེང་གི་གཡོ་བྱུས་དེ་དག་ཡིག་ཟམ་གྱི་ནང་དུ་བཤམས་ཏེ། མི་སྒེར་གྱི་དངུལ་རྩིས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་དུ་འཇུག་ངེས་ལ། དྲ་ཚིགས་ཀྱི་ངོས་སུ་གང་བྱུང་འཆར་འོང་བའི་མཉེན་འབུ་བསྐུངས་པའི་ཁྱབ་བསྒྲགས་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་སྟེང་དུ་ཕོ་མོའི་བར་གྱི་བརྩེ་དགའི་འབྲེལ་ལམ་བསྐྲུན་པའི་ཆེད་དུ་བྲིས་པའི་སྙིང་གཏམ་གྱི་འཕྲིན་ཐུང་སོགས་བརྒྱུད་ནས་ཀྱང་བསླུ་བྲིད་བྱེད་ངེས།

དྲ་ཐོག་གི་ཉེས་ཅན་པ་ཚོས་ག་དུས་ཡིན་ཡང་ཡིག་ཟམ་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་བ།དགའ་རོགས་བསྒྲིག་སའི་བཀོལ་ཆས་སོགས་ཀྱི་ནང་དུ་མགོ་སྐོར་གཏོང་སླ་བའི་མི་ཚོར་འབྲེལ་བ་བྱས་ཏེ། ཁོང་ཚོའི་སྒེར་གྱི་རིན་ཐང་ཆེ་བའི་གནས་ཚུལ་དང་།དངུལ་རྩིས་ཀྱི་གནས་ཚུལ་སོགས་རག་ཐབས་བྱེད་ཀྱི་ཡོད། དྲ་ཐོག་གི་བསླུ་བྲིད་དེ་འདྲའི་རིགས་ལ་མཇུག་འབྲས་གཉིས་མ་གཏོགས་མེད། ཡང་མིན་ན། མི་ཚོས་དངུལ་ཁང་ནས་སྒོར་མོ་བོར་བརླག་ཤོར་གྱི་ཡོད་ལ། དེ་མིན་ན། བསླུ་བྲིད་གཏོང་མཁན་གྱིས་ཁས་ལེན་བྱས་པའི་དངུལ་སྒོར་མི་སྒེར་ལ་རྩ་བ་ནས་མི་འབྱོར།

དྲ་སྟེང་གི་ཆེས་རྒྱུན་ལྡན་གྱི་བསླུ་བྲིད་གཏོང་སྟངས་ཁག་ཅིག

མགྱོགས་མྱུར་ངང་དངུལ་སྒོར་མང་པོ་འཐོབ་ཐུབ་པའི་ཁས་ལེན།

བསླུ་བྲིད་འདིའི་རིགས་དང་ཐོག་ཁ་པར་དང་ཡིག་ཟམ་བརྒྱུད་ནས་ཡོང་གི་ཡོད། བསླུ་བྲིད་གཏོང་མཁན་གྱིས་མི་ཚོར་རྩོལ་བ་གང་ཡང་བྱེད་མ་དགོས་པར། མགྱོགས་མྱུར་ངང་སྒོར་མོ་མང་པོ་འཐོབ་ཐུབ་པའི་ལས་ཀ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། བསླུ་བྲིད་འདིའི་རིགས་ཀྱིས་ཁྱིམ་ནས་ལས་ཀ་བྱེད་འདོད་མཁན་གྱི་ལས་ཀ་གསར་པ་འཚོལ་མཁན་ཚོ་དམིགས་འབེན་ཏུ་འཛིན་གྱི་ཡོད།

ཟོག་ཉོའི་དྲ་ཚིགས་རྫུན་མ། 

དྲ་ཐོག་གི་ཇག་རྐུན་ཚོས། ཚོང་ཟོག་ཉོ་སའི་དྲ་ཚིགས་ངོ་མ་དང་འདྲ་བའི་དྲ་ཚིགས་རྫུན་མ་ཞིག་ཇུས་འགོད་ཞིབ་ཚགས་བྱས་པའི་ཐོག་ནས། དྲ་ཚིགས་དེའི་སྟེང་ནས་མི་ཚོར་རིན་གོང་ཧ་ཅང་དམའ་བའི་ཅ་ལག་དང་རིན་མེད་ཀྱི་ལག་སྐྱེས་མང་པོ་ཁྱབ་བསྒྲགས་བྱེད་ཀྱི་ཡོད། བསླུ་བྲིད་འདིའི་རིགས་ཀྱི་ཁྲོད་དུ། ཁྱེད་ལ་སྤུས་ཀ་ཧ་ཅང་ཞན་པའི་ཅ་ལག་དེ་འདྲ་འབྱོར་སྲིད་ལ། ཁྱེད་ཀྱིས་མངགས་ཉོ་བྱས་པའི་ཅ་ལག་རྩ་བ་ནས་མ་འབྱོར་བ་དེ་འདྲའང་འོང་སྲིད། 

ཉྭ་འཛིན་གྱི་བསླུ་བྲིད།

ཉྭ་འཛིན་གྱི་བསླུ་བྲིད་ནི། དྲ་ཐོག་གི་ཆེས་རྒྱུན་ལྡན་གྱི་བསླུ་བྲིད་གཏོང་སྟངས་ཤིག་ཡིན། བསླུ་བྲིད་གཏོང་མཁན་དེ་དངུལ་ཁང་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་གནས། དྲ་ཐོག་གི་ཚོང་ཁང་སོགས་ཁྲིམས་མཐུན་གྱི་ཡོངས་ཁུངས་སུ་བརྫུས་ཏེ། ཁྱེད་ལ་ཡིག་ཟམ་ནང་དུ་ཡི་གེ་གཏོང་སྲོལ་ཡོད། ཁྱེད་རང་ཁུངས་ལྡན་གྱི་དྲ་ཚིགས་སུ་སྣང་བའི་དྲ་གནས་ཤིག་ལ་འཁྲིད་འགྲོ་གི་ཡོད་ལ། གནས་དེ་ནས་ཁྱེད་རང་སྒེར་གྱི་གནས་ཚུལ་ཁག་བསྡུ་རུབ་དང་རྐུ་འཁྱེར་བྱེད་ཀྱི་ཡོད། 

བསམ་ཡུལ་ལས་འདས་པའི་བྱ་དགའི་བསླུ་བྲིད། 

 བསླུ་བྲིད་འདིའི་རིགས་ཉྭ་འཛིན་གྱི་བསླུ་བྲིད་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཁྱེད་རང་གི་ཡིག་ཟམ་ནང་དུ། ཚོགས་པ་ཞིག་གིས་ཁྱེད་ལ་བྱ་དགའ་ཆེན་པོ་ཞིག་ཐོབ་ཡོད་ཚུལ་བསྒྲགས་ཀྱི་ཡོད་ལ། བྱ་དགའི་དངུལ་ཕོན་ཆེན་པོ་དེ་ལེན་པར། དང་ཐོག་དངུལ་ཉུང་ཉུང་ཞིག་ཕར་གཏོང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། ཁྱེད་ཀྱིས་དངུལ་དེ་ཕར་བཏང་ཚར་ན། དེའི་རྗེས་སུ།ཁྱེད་ཀྱི་བྱ་དགའི་དངུལ་ཕོན་ཆེན་པོ་དེའི་སྐོར་གྲགས་རྒྱུ་མེད་པར་འགྱུར་ངེས།

དྲ་ཐོག་གི་འཕྲུལ་རིག་རམ་འདེགས་དང་འབྲེལ་བའི་བསླུ་བྲིད།

 བསླུ་བྲིད་འདིའི་རིགས་མཉེན་ཆས་ཀྱི་འགོས་ནད་དང་འབྲེལ་བ་ཆགས་བསྡད་ཡོད། བསླུ་བྲིད་གཏོང་མཁན་གྱིས་དྲ་ངོས་སུ་གློ་བུར་དུ་མངོན་འོང་བའི་བརྡ་ལན་དང་ཁྱབ་བསྒྲགས་རྫུན་མ་བེད་སྤྱད་དེ། མཉེན་ཆས་ཞབས་ཞུ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། ཁོང་ཚོར་འབྲེལ་བ་བྱེད་པའི་སྐབས་སུ། ཁྱེད་ཀྱི་ཡོ་ཆས་(རྩིས་འཕྲུལ་དང་ཁ་པར)ཀྱི་ནང་དུ་ནད་འབུ་འགོས་ཏེ་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་ཚུལ་དང་། ཁོང་ཚོས་ཁྱེད་ཀྱི་དཀའ་ངལ་དེ་སེལ་བར་རོགས་འདེགས་བྱེད་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད། འོན་ཀྱང་གོ་རིམ་དེའི་ཁྲོད་དུ། ཁོང་ཚོས་ཁྱེད་ཀྱི་ཡོ་ཆས་ཀྱི་ནང་དུ་ནད་འབུ་བཅུག་སྟེ། ཁྱེད་ཀྱི་དངུལ་རྩིས་དང་འབྲེལ་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད། 

དྲ་ཐོག་གི་བསླུ་བྲིད་འདིའི་རིགས་ལས་རང་ཉིད་ཇི་ལྟར་སྲུང་སྐྱོབ་བྱེད་དགོས། 

རིམ་པ་མང་བའི་བདེ་འཇགས་ཀྱི་ཁྱད་ཆོས་སྒྲིག་བཟོ་བྱེད་དགོས།

དྲ་ཐོག་གི་ཐོ་ཁོངས་(账户)མང་པོ་ཞིག་གིས་རྒྱུ་རྐྱེན་མང་པོའི་བདེན་དཔང(རྒྱུ་རྐྱེན་གཉིས་ཀྱི་བདེན་དཔང་ཡང་ཟེར)ཟེར་བའི་བདེ་འཇགས་ཀྱི་རིམ་པ་འཕར་མ་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱེད་རང་སོ་སོའི་ཐོ་ཁོངས་སུ་འཛུལ་སྐབས་དཔང་ཡིག་གཉིས་སམ་དེ་ལས་མང་བ་དགོས་ཀྱི་ཡོད།

བསླུ་བྲིད་ཀྱི་ཆ་འཕྲིན་ལ་ལན་མ་འདེབས། 

བསླུ་བྲིད་ཀྱི་ཆ་འཕྲིན་ལ་ལན་བཏབ་ཚེ། སོ་སོའི་ཡོ་ཆས་ཀྱི་ནང་དུ་མཉེན་འབུ་ནང་འཇུག་བྱེད་སྲིད་ལ། བསླུ་བྲིད་གཏོང་མཁན་ལ་སོ་སོའི་ཁ་པར་ཨང་གྲངས་དང་ཡིག་ཟམ་ཁ་བྱང་སོགས་གཏན་འཁེལ་བྱེད་དུ་འཇུག་པ་ལ་སོགས་པའི་མཇུག་འབྲས་སྣ་ཚོགས་བསྐྱེད་སྲིད།

ནད་དུག་འགོག་པའི་མཉེན་ཆས་ནང་འཇུག

ནད་དུག་འགོག་བྱེད་ཀྱི་མཉེན་ཆས་སམ། བདེ་འཇགས་ཀྱི་མཉེན་ཆས་ནི། མཉེན་འབུའི་རིགས་ཁྱེད་ཀྱི་ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་ནང་དུ་མ་འཛུལ་བའི་ཆེད་དུ་འཆར་འགོད་བྱས་ཡོད། གལ་ཏེ་མཉེན་ཆས་དེས་ཉེན་ཚབས་ཆེ་བའི་ནད་དུག་དང་དྲ་འབུ་སོགས་ངོས་འཛིན་བྱས་ཚེ། དེ་དག་རྩ་མེད་གཏོང་གི་ཡོད། 

གང་བྱུང་དུ་འབྱོར་བའི་ཁ་པར་དང་ཡིག་ཟམ་ལ་ཡིད་ཆེས་བྱེད་མི་རུང་། 

འཕྲུལ་རིག་ཆེད་མཁས་པ་ཞིག་ཡིན་ཚུལ་བརྗོད་དེ་ཁྱེད་ལ་རོགས་པ་བྱེད་འདོད་ཡོད་ཅེས་ཁ་པར་དང་ཡིག་ཟམ་སོགས་གཏོང་བའི་སྐབས་སུ། དེ་དག་ལ་ངོས་ལེན་བྱེད་མི་རུང་། མི་སྒེར་དང་དངུལ་རྩིས་ཀྱི་གནས་ཚུལ་རིགས་མི་གཞན་ལ་སྤྲད་ཚེ། ཁོང་ཚོས་རྒྱང་རིང་ནས་ཁྱེད་ཀྱི་རྩིས་འཕྲུལ་དང་ཁ་པར་ལ་སྟངས་འཛིན་བྱེད་ཐུབ། དེའི་ཚབ་ཏུ། ཁྱེད་ལ་རོགས་པ་བྱེད་རྒྱུ་ཡིན་ཚུལ་བརྗོད་མཁན་གྱི་མི་དེའི་ཐོབ་ཐང་དཔང་ཡིག་མཁོ་སྤྲོད་བྱེད་དགོས་པའི་རེ་འདུན་འདོན་དགོས་ལ། མི་དེས་ལས་ཀ་བྱེད་སའི་བཟོ་ཚོང་ཁང་གི་སྐོར་ལ་ཞིབ་འཇུག་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *