སྤྱི་ལོ་༢༠༢༡་ལོའི་ཡིག་ཟམ་ནང་གི་ཉྭ་འཛིན་གྱི་འཇབ་རྒོལ།

ཉྭ་འཛིན་གྱི་འཇབ་རྒོལ་ཟེར་ན། དྲ་ཐོག་གི་འཇབ་རྒོལ་པས་དམིགས་འབེན་དུ་གཟུང་ཡུལ་གྱི་མི་ཚོར་ཡིག་ཟམ་ནང་དུ་ཡི་གེ་རྫུན་མ་ཞིག་བཏང་སྟེ། མི་དེ་ཚོར་སོ་སོའི་སྒེར་གྱི་གསང་བའི་གནས་ཚུལ་ཁག་ཕྱིར་བསྒྲགས་བྱེད་དུ་འཇུག་པའི་བྱེད་ལས་ཤིག་ལ་ཟེར། ཡིག་ཟམ་དང་དྲ་ཚིགས་ཁག་བརྒྱུད་ནས་འཇབ་རྒོལ་བྱ་ཡུལ་གྱི་མི་ཚོར་འབྲེལ་ཐག་གང་རུང་གི་ཐོག་ཏུ་བསྣུན་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ལ། གལ་ཏེ། མི་ཞིག་གིས་དོ་སྣང་མ་བྱས་པར་འབྲེལ་ཐག་དེའི་ཐོག་ལ་མནན་ཚེ། མི་དེའི་རྩིས་འཕྲུལ་དང་ཁ་པར་གྱི་ནང་དུ་མཉེན་འབུ་འཇུག་སྲིད་ཀྱི་ཡོད་ལ། མཚམས་རེར། མི་སྒེར་གྱི་ཡིག་ཟམ་ཁ་བྱང་དང་གསང་ཚིག དངུལ་ཁང་གི་ཨང་གྲངས་སོགས་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་ཡང་འདོན་ངེས། ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཚད་ལྡན་གྱི་བཟོ་ལས་ཁང་སོགས་ཀྱིས་ཡིག་ཟམ་བརྒྱུད་ནས་མི་སྒེར་གྱི་གནས་ཚུལ་ཡར་འཇུག་བྱེད་དགོས་པའི་དགོས་འདུན་རྩ་བ་ནས་འདོན་མི་སྲིད། 

ཉྭ་འཛིན་གྱི་འཇབ་རྒོལ་དང་འབྲེལ་བའི་ལག་རྩལ་སྔོན་དང་བསྡུར་ན་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་སྟབས། དེས་དྲ་ཚིགས་གང་རུང་ཞིག་གི་པར་བཤུས་མེ་ལོང་ནང་དུ་གཟུགས་བརྙན་འཆར་བ་ནང་བཞིན་བཟོས་ཏེ། མི་ཚོར་དྲ་ཚིགས་རྫུན་མའི་སྟེང་དུ་དྲ་མྱུལ་བྱེད་དུ་འཇུག་པ་དང་མཉམ་དུ། མི་ཚོའི་དྲ་ཐོག་གི་བྱེད་སྒོ་ཡོངས་རྫོགས་ལ་སོ་ལྟ་བྱེད་དུ་འཇུག་གི་ཡོད། 

ཡིད་གཟབ་བྱེད་དགོས་པ་ཁག

རིན་གོང་དམའ་བའི་ཉོ་ཚོང་དང་ཁྱབ་བསྒྲགས། 

ཅ་ལག་གི་རིན་གོང་ཇེ་དམའ་རུ་བཏང་སྟེ་བཙོང་གི་ཡོད་པའི་ཁྱབ་བསྒྲགས་རྫུན་མའི་རིགས་ལ་རྒྱུན་དུ་ཡིད་གཟབ་བྱེད་དགོས།ཁྱབ་བསྒྲགས་དེ་འདྲའི་རིགས་ཀྱིས་མི་ཚོར་འབྲེལ་ཐག་གང་རུང་གི་ཐོག་ཏུ་བསྣུན་པའི་སྐུལ་མ་བྱེད་ངེས།གལ་ཏེ་ཅ་ལག་ཉོ་ཚོང་གི་རིན་གོང་དམའ་དྲགས་ནས་ཡིད་ཆེས་བྱེད་དཀའ་ཚེ།ཁྱེད་ཀྱིས་སོ་སོའི་དོགས་པ་དེར་བདེན་ཁ་སྤྲོད་དགོས། 

ཛ་དྲག་གི་ཡིག་ཟམ་དང་འཕྲིན་ཐུང་།

ཡིག་ཟམ་དང་འཕྲིན་ཐུང་ཁ་ཤས་ཀྱིས་ཛ་དྲག་དང་ལམ་སེང་ཡ་ལན་སྤྲོད་དགོས་པའི་ཚོར་སྣང་དེ་འདྲ་སྦྱིན་སྲིད། མཚམས་རེར། ཡིག་ཟམ་དང་འཕྲིན་ཐུང་གང་རུང་གི་ནང་དུ། ཁྱེད་ཀྱི་དངུལ་ཁང་ལ་གཞན་གྱིས་འཇབ་རྒོལ་ཐེབས་འདུག་པས། ད་ལྟ་ངེས་པར་དུ་དངུལ་ཁང་སྐོར་གྱི་གནས་ཚུལ་ཁག་བསྐྱར་བཅོས་དང་གསར་སྣོན་བྱེད་དགོས་པའི་སྐུལ་མ་བྱེད་སྲིད། གལ་ཏེ། ཁྱེད་ཀྱི་དངུལ་ཁང་ལ་དོན་དངོས་ཐོག་གཞན་གྱིས་འཇབ་རྒོལ་བྱས་ཡོད་ཚེ། སོ་སོའི་དངུལ་ཁང་ལ་ཐད་ཀར་འབྲེལ་བ་བྱེད་དགོས་ལས། ཡིག་ཟམ་ནང་འབྱོར་བའི་ཡི་གེ་དེར་ཡ་ལན་སྤྲོད་མི་རུང་། 

ཟུར་སྣོན་དང་འབྲེལ་ཐག

ཡིག་ཟམ་གྱི་ཁོངས་སུ་ཟུར་སྣོན་དང་འབྲེལ་ཐག་བཅུག་ཡོད་པ་དེ་ཚོར་ངེས་པར་དུ་གཟབ་དགོས།དེ་ཚོ་ཕལ་ཆེ་བ་ཉྭ་འཛིན་གྱི་བྱེད་སྒོ་ཡིན་སྲིད་པས།འབྲེལ་ཐག་ཁ་འབྱེད་པ་དང་།ཟུར་སྣོན་ཕབ་ལེན་བྱེད་པ་སོགས་རྩ་བ་ནས་བྱེད་མི་རུང་།གང་ཡིན་ཞེ་ན།དེ་དག་གི་ཁོངས་སུ་མཉེན་འབུ་སྐུང་ཡོད་པའི་ཉེན་ཁ་ཆེན་པོ་ཡོད། 

རྒྱུས་མེད་ཀྱི་འཕྲིན་ཐུང་། 

གལ་ཏེ།ཁྱེད་ལ་འཕྲིན་ཐུང་ཞིག་འབྱོར་བའི་སྐབས་སུ།འཕྲིན་ཐུང་དང་ཡིག་ཟམ་གང་རུང་གཏོང་མཁན་གྱི་མི་དེ་སུ་ཡིན་མིན་རྩད་གཅོད་བྱེད་དགོས།གལ་ཏེ།ཁྱེད་ཀྱིས་ཡི་གེ་གཏོང་མཁན་གྱི་མི་དེའི་ཁ་པར་ཨང་གྲངས་དང་།མིང་།ཡིག་ཟམ་སོགས་ངོ་ཤེས་ཀྱི་མི་འདུག་ཚེ།འཕྲིན་ཐུང་དང་ཡིག་ཟམ་དེ་དག་ཁ་མ་ཕྱེ་ན་བཟང་། 

Leave a Reply

Your email address will not be published. Required fields are marked *