Clubhouse བཀོལ་ཆས་ནི། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་བཀོལ་ཆས་གཞན་དག་དང་འདྲ་བར། ཏོག་དབྱིབས་ནད་དུག་གི་ཁྱིམ་སྡོད་བཀའ་རྒྱའི་དུས་སྐབས་སུ་དར་ཁྱབ་ཤུགས་ཆེར་ཕྱིན་པའི་བཀོལ་ཆས་ཤིག་ཡིན། ད་ཆ་ཉིན་རེར་བཀོལ་ཆས་འདི་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ས་ཡ་མང་པོ་ཡོད། ལྷག་པར་དུ། ཉེ་ལམ་ཁྲེ་སི་ལ( Tesla)བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཨེ་ལོང་མ་སི་ཁིག་དང་། ངོ་དེབ་བཟོ་ཚོང་ཁང་གི་འགོ་གཙོ་མའར་ཁིག་ཛོ་ཁར་བྷིར་གཉིས་ཀྱང་Clubhouse བཀོལ་ཆས་ཀྱི་ནང་དུ་མངོན་པས། བཀོལ་ཆས་འདི་སྔར་ལས་ལྷག་པའི་སྐད་གྲགས་རྒྱས་ཡོད།
Clubhouse བཀོལ་ཆས་ནི་ཅི་ཞིག་ཡིན།
Clubhouse བཀོལ་ཆས་ནི། སྐད་ཀྱི་ལམ་ནས་འཛམ་གླིང་གི་ས་ཕྱོགས་སོ་སོའི་ནང་གི་མི་གཞན་པ་དང་ལྷན་དུ། འཕྲུལ་རྩལ་དང་། རྩེད་རིགས། སྒྱུ་རྩལ་སོགས་སྐབས་དོན་གྱི་བརྗོད་གཞི་གལ་ཆེན་ཁག་གི་ཐོག་ཏུ་གླེང་མོལ་བྱ་ཆོག་སའི་སྡིངས་ཆ་ཤིག་ཡིན། སྡིངས་ཆ་འདིའི་སྟེང་དུ་བཟོས་པའི་ཚོགས་པ་ཁག་གི་ནང་དུ། གཏམ་བཤད་སྤེལ་མཁན་དང་། གཏམ་བཤད་ལ་ཉན་མཁན་བཅས་རིགས་གཉིས་ཡོད། གཏམ་བཤད་ལ་ཉན་མཁན་གྱི་མི་ཚོས་ཚོགས་པའི་ནང་དུ་མི་སུ་དག་ཡོད་མེད་ཀྱི་ཐོ་གཞུང་མཐོང་ཐུབ་ཀྱི་ཡོད་ལ། མཚམས་རེར་ཚོགས་པ་གཅིག་གི་ནང་དུ་འཛུལ་ཞུགས་བྱེད་མཁན་གྱི་མི་གྲངས་སྟོང་ཕྲག་ལྷག་བརྒལ་གྱི་ཡོད། Clubhouse བཀོལ་ཆས་ཀྱི་ཁྱད་ཆོས་ཤིག་ནི། ཚོགས་པའི་དོ་དམ་པས་ཚོགས་པའི་ནང་གི་གྲོས་བསྡུར་ལ་ལྟ་རྟོག་བྱེད་པ་མ་ཟད། ཁོ་ལ་ཚོགས་པའི་ནང་དུ་ཚོགས་མི་གསར་པ་འཛུལ་དུ་འཇུག་པ་དང་། སྔར་ཡོད་ཀྱི་ཚོགས་མི་གང་རུང་ཕྱིར་འབུད་གཏོང་བའི་ནུས་པ་ཡོད།
Clubhouse བཀོལ་ཆས་ཀྱི་ནང་དུ་ད་དུང་རང་དབང་གི་སྒོ་ནས་གནས་ཚུལ་དང་གསར་འགྱུར་རིགས་བརྗེ་ལེན་བྱ་སའི་ཁོར་ཡུག་ཅིག་བསྐྲུན་གྱི་ཡོད་སྟབས། བཀོལ་ཆས་འདི་རང་དབང་མེད་སའི་རྒྱལ་ཁབ་ཁག་ནང་གི་འཛད་སྤྱོད་པ་ཚོའི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་ལ། ཀྲུང་གོའི་སྲིད་གཞུང་གིས་བཀོལ་ཆས་འདི་མགྱོགས་མྱུར་ངང་བཀག་སྡོམ་བྱས་ཡོད། གང་ཡིན་ཞེ་ན། བཀོལ་ཆས་འདི་བརྒྱུད་ནས་མི་ཚོས་ཐེ་ཝན་གྱི་གནད་དོན་སོགས་རྒྱལ་ནང་ནས་བཤད་མི་ཆོག་པའི་གནད་དོན་ཁག་གླེང་སློང་བྱས་ཡོད། བཀོལ་ཆས་འདི་གཞུང་འབྲེལ་གྱི་ཐོག་ནས་མ་བཀག་པའི་སྔོན་དུ། པོད་ཕྲན་(微博)གྱི་ཉོ་ཚོང་དཔེ་རིས་ཀྱི་ནང་དུ “Clubhouse Invite Code”མངོན་ཡོད།
Clubhouse བཀོལ་ཆས་ཀྱི་ཚབ་བྱེད་མཉེན་ཆས་ཁག
དེ་ཡང་སྲིད་གཞུང་གིས་Clubhouse བཀོལ་ཆས་བཀག་འགོག་བྱས་པ་ལ་བརྟེན་ནས། དེ་དང་ཆ་འདྲ་བའི་མཉེན་ཆས་གཞན་ཁག་ཅིག་ཁྲོམ་རར་སླེབས་ཡོད། དཔེར་ན། ཧོང་ཀོང་ནང་དུ་རྟེན་གཞིས་བྱས་པའི་ཏོས་ཧྭ་པ་(对话吧app)ཟེར་བའི་མཉེན་ཆས་དེ་སྐད་གྲགས་ཆགས་ཡོད། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ། མཉེན་ཆས་དེ་འདོན་སྤེལ་བྱས་རྗེས་ཀྱི་གཟལ་འཁོར་གཉིས་ཀྱི་ནང་དུ་ཀུ་ཤུའི་བིམ་མཛོད་དང་ཨན་ཌོ་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་ནས་ཕྱིར་འདོན་བྱས་ཡོད་ལ། འབྲེལ་ཡོད་ཀྱི་མཉེན་ཆས་བཟོ་མཁན་མཁན་གྱིས་བཀོལ་ཆས་དེ་ཡར་རྒྱས་དང་ལེགས་བཅོས་གཏོང་དགོས་པ་བརྗོད་ཡོད། དེ་བཞིན་དུ། ཀྲུང་གོའི་ཚན་རྩལ་གསར་ཁང་36Kr (36氪)གྱི་ངོས་ནས་ཀྱང་། Capital Coffee lཟེར་བའི་Clubhouse བཀོལ་ཆས་དང་ཆ་འདྲ་བའི་བཀོལ་ཆས་ཤིག་འདོན་སྤེལ་གནང་ཡོད་ལ། བཀོལ་ཆས་དེའི་ནང་དུ་ཞུགས་པར། སོ་སོའི་ཁ་པར་ཨང་གྲངས་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན་དུ། བཀོལ་ཆས་དེའི་ནང་དུ་ཉེ་ལམ་གསར་དུ་ཞུགས་པའི་འཛད་སྤྱོད་པ་ཚོས་རང་ཉིད་ཀྱི་མིང་དང་། ཁ་པར་ཨང་གྲངས། ལས་རིགས་སོགས་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག་སྟབས། དེས་མི་སྒེར་གྱི་གཞི་གྲངས་ཀྱི་གསང་རྒྱ་དང་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་དོགས་འདྲི་ཁག་སྣ་འདྲེན་བྱས་ཡོད་ཀྱང་། ད་ཆ་མཉེན་ཆས་འདིའི་སྐོར་གྱི་གསང་རྒྱ་དང་བདེ་འཇགས་ཀྱི་སྐོར་ལ་ཉམས་ཞིབ་རྒྱས་པ་གང་ཡང་ཐོན་མི་འདུག