མཉེན་འབུ(恶意软件)་ནི་ཅི་ཞིག་ཡིན།

མཉེན་འབུ་ནི་གློག་ཀླད་རྩིས་འཁོར་དང་། དྲ་བའི་ཞབས་ཞུ། དྲ་བའི་འབྲེལ་མཐུད་སོགས་ལ་བཙན་རྒོལ་དང་གཏོར་བཅོམ་བྱེད་པར་དམིགས་ཏེ་འཆར་འགོད་བྱས་པའི་གློག་ཀླད་ཀྱི་བྱ་རིམ་དང་ཨང་ཚབ་སོགས་འགྲེལ་བྱེད་ཀྱི་ཧ་ཅང་ཁྱབ་ཆེ་བའི་ཐ་སྙད་ཅིག་ཡིན་ལ། མཉེན་འབུ་ནི་གནོད་ཚབས་ཆེ་བའི་མཉེན་ཆས་ཀྱི་བསྡུས་ཚིག་ཅིག་ཡིན། ཡོངས་གྲགས་ཀྱི་མཉེན་འབུ་ཁ་ཤས་ཀྱི་དཔེ་མཚོན་བགྲངས་ན། དུག་སྲིན་དང་། ས་འབུ། སིམ་འཛུལ་རྟ་ཕོའི་དུག་སྲིན། གསང་མྱུལ་དྲ་འབུ། ཁྱབ་བསྒྲགས་དྲ་འབུ། བཙན་ཁྲིད་དྲ་འབུ་སོགས་མང་པོ་ཞིག་ཡོད། མཉེན་འབུ་མི་འདྲ་བ་རེ་རེའི་ཤུགས་རྐྱེན་ཆེ་ཆུང་ཡང་གཏན་ནས་མི་འདྲ། མཉེན་འབུ་ཤིག་གིས་ཚོགས་སྡེ་ཞིག་དང་ཡང་ན། ལས་ཁུངས་ཤིག་གི་ལས་འཆར་ཁག་ལམ་ཁ་འདྲ་མིན་གྱི་ཐོག་ནས་གཏོར་རྒོལ་བྱེད་ཐུབ་སྟེ། དཔེར་ན། ཚོགས་སྡེ་ཞིག་ལ་ལྐོག་ནས་གསང་མྱུལ་བྱེད་པ་དང་། ལས་ཁུངས་ཤིག་གི་ཉིན་རེའི་ལས་དོན་བཀག་འགོག་བྱེད་པ། གསང་བའི་ཡིག་ཆ་བརྐུ་འཁྱེར་བྱས་ཏེ། ཚོགས་པ་དང་ལས་ཁུངས་གང་རུང་གི་སྒེར་གྱི་མཚན་སྙན་ལ་གནོད་པ་གཏོང་བ་སོགས་སོ།།

འདིར་མཉེན་འབུ་ཞིག་གིས་ཚོགས་སྡེ་ཞིག་ལ་ཤུགས་རྐྱེན་ག་འདྲ་ཞིག་སྤྲོད་ཐུབ་མིན་སྐོར་གྱི་དཔེ་མཚོན་ཁ་ཤས་ཤིག་ཡོད།

༡  ༽     གློག་ཀླད་དང་གློག་ཀླད་ཀྱི་དྲ་བའི་འབྲེལ་མཐུད། གློག་ཀླད་ནང་གི་མཉེན་ཆས་ཚང་མར་སྟངས་འཛིན་བྱེད་ཐུབ།

༢  ༽     འབྲེལ་མཐུད་ལ་ཞིབ་བཤེར་དང་། ཚོགས་སྡེ་ཁྲོད་ཀྱི་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཚང་མར་གསང་མྱུལ་བྱེད་ཐུབ།

༣  ༽    གློག་ཀླད་སྟེང་གི་ཡིག་ཆ་བཟོ་བཅོས་དང་ནག་གསུབ་གཏོང་ཐུབ་པ་མ་ཟད། གློག་ཀླད་ཀྱི་མཁྲེས་ཆས་ལ་བཟོ་བཅོས་བྱེད་ཐུབ། བྱེད་སྒོ་འདི་དག་གིས་སྒེར་གྱི་ཡིག་ཆ་གལ་ཆེན་གཏན་དུ་རྩ་བརླག་གཏོང་སྲིད།

༤  ༽     གསང་བའི་གནས་ཚུལ་གལ་ཆེན་རིགས་རྐུ་འཁྱེར་བྱེད་ཐུབ་ལ། དེའི་ཁོངས་སུ་སྒེར་གྱི་གསང་བ་དང་། གཞུང་འབྲེལ་གྱི་ཡིག་ཆ་སོགས་ཚུད་ཡོད།

༥  ༽     ཁྱེད་རང་གི་མིང་ཐོག་ནས། ཁྱེད་ཀྱི་འབྲེལ་ཡོད་མི་སྣ་དང་ལས་ཁུངས་སོགས་ལ་དྲ་འབུ་ཁུར་བའི་ཉེན་ཚབས་ཅན་གྱི་གློག་འཕྲིན་གཏོང་ཐུབ།

མཉེན་འབུ་ལ་དབྱེ་བ་གང་དག་ཡོད།
གློག་ཀླད་ཀྱི་དུག་སྲིན།(电脑病毒)

གློག་ཀླད་ཀྱི་དུག་སྲིན་ནི་མཉེན་འབུའི་ཁོངས་ཀྱི་སྲིན་འབུའི་རིགས་ཤིག་ཡིན། གློག་ཀླད་དུག་སྲིན་ནི་ཉེན་ཚབས་ཅན་གྱི་མཉེན་ཆས་ཤིག་ལ། མཉེན་ཆས་དེས་ནད་འབུ་རིགས་མི་ཞིག་ནས་མི་གཞན་ལ་ཁྱབ་བརྡལ་གཏོང་དུ་འཇུག་གི་ཡོད། ནད་འབུ་ཡོད་པའི་ཡིག་ཆ་དེ་ཕབ་ལེན་བྱས་རུང་། ཁ་ཕྱེས་ཏེ་བཀོལ་སྤྱོད་མ་བྱས་པའི་བར་དུ། མཉེན་ཆས་དེ་གཉིད་ཁུག་པའི་རྣམ་པའི་ཐོག་གནས་ཀྱི་ཡོད། དུག་སྲིན་གྱི་རིགས་ཚང་མ་གློག་ཀླད་ནང་གི་མ་ལག་གི་བྱེད་ལས་ཁག་གཏོར་བཅོམ་བྱེད་པར་དམིགས་ཏེ་འཆར་འགོད་བྱས་ཡོད། དེར་བརྟེན།དུག་སྲིན་གྱིས་ལས་ཁུངས་གང་རུང་གི་ཉིན་རེའི་བྱེད་ལས་ཁག་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པ་མ་ཟད། ཡིག་ཆ་གལ་ཆེན་རིགས་རྩ་བརླག་ཀྱང་གཏོང་ཐུབ།

ས་འབུ།(蠕虫)

ས་འབུ་ནི་མཉེན་འབུའི་རིགས་ཤིག་ཡིན་ལ། དེ་དྲ་སྦྲེལ་གྱི་ཁོངས་སུ་ཡོད་པའི་ཡོ་ཆས་ཚང་མའི་ནང་མགྱོགས་མྱུར་ངང་ཁྱབ་འགྲོ་གི་ཡོད། གློག་ཀླད་ཀྱི་དུག་སྲིན་དང་མི་འདྲ་ས་ཞིག་ཡོད་པ་ནི། ས་འབུ་དེ་དར་ཁྱབ་འགྲོ་བར་གཙོ་འཁོར་གྱི་བྱ་རིམ་(主机程序)མི་དགོས་ལ། ས་འབུའི་གྲངས་འབོར་མང་དུ་ཕྱིན་ཏེ། ཤུགས་ཆེར་མ་ཁྱབ་གོང་། དེས་ཕབ་ལེན་བྱས་པའི་ཡིག་ཆ་དང་། དྲ་བའི་འབྲེལ་མཐུད་ཀྱི་ལམ་ཁ་བརྒྱུད་དེ། ཡོ་ཆས་ཤིག་ལ་ནད་འགོ་རུ་འཇུག་གི་ཡོད།དུག་སྲིན་དང་འདྲ་ས་ཞིག་ཡོད་པ་ནི། ས་འབུས་ཀྱང་། ལས་ཁུངས་གང་རུང་གི་ཉིན་རེའི་བྱེད་ལས་ཁག་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་པ་མ་ཟད། ཡིག་ཆ་གལ་ཆེན་རིགས་རྩ་བརླག་ཀྱང་གཏོང་ཐུབ།

སིམ་འཛུལ་རྟ་ཕོའི་དུག་སྲིན།(木马病毒)

སིམ་འཛུལ་རྟ་ཕོའི་དུག་སྲིན་དེ་ཕན་ཐོགས་ཆེ་བའི་མཉེན་ཆས་སུ་བརྫུས་ཏེ་འཇབ་རྒོལ་བྱེད་ཀྱི་ཡོད། མཉེན་ཆས་དེ་ཕབ་ལེན་བྱས་ཚར་བ་ཡིན་ན། མཉེན་ཆས་དེར་ཁྱེད་རང་གི་ཡོ་ཆས་ནང་གི་ཡིག་ཆ་གལ་ཆེན་ཁག་ཚང་མ་རེག་ཐུབ་ཀྱི་ཡོད་པ་མ་ཟད། དེ་དག་བསྒྱུར་བཅོས་གཏོང་བ་དང་། བཀག་འགོག་བྱེད་པ། རྩ་མེད་གཏོང་བ་སོགས་ཀྱི་ནུས་པ་ཡོད། མཉེན་ཆས་དེས་ཡོ་ཆས་གང་རུང་གི་བྱེད་ལས་ཁག་ལ་གནོད་སྐྱོན་ཆེན་པོ་གཏོང་གི་ཡོད། འོན་ཀྱང་། ནམ་རྒྱུན་གྱི་གློག་ཀླད་ནང་གི་དུག་སྲིན་དང་། ས་འབུ་ལྟ་བུ་མ་ཡིན་པར།སིམ་འཛུལ་རྟ་ཕོའི་དུག་སྲིན་དེ་མཉེན་ཆས་རང་ངོས་ནས་གྲངས་འབོར་ཡར་འཕར་བ་དེ་འདྲ་བཟོས་མེད།

གསང་མྱུལ་དྲ་འབུ།(间谍软件)

གསང་མྱུལ་དྲ་འབུ་ནི་ཉེན་ཚབས་ཆེ་བའི་མཉེན་ཆས་ཤིག་ཡིན་ལ། མཉེན་ཆས་དེས་ལྐོག་ནས་ཁྱེད་རང་གི་གློག་ཀླད་རྩིས་འཁོར་ནང་གསང་མྱུལ་བྱེད་པའི་ལས་ཀ་བྱེད་པ་དང་དུས་མཚུངས་སུ། རྒྱང་རིང་དུ་སོ་ལྟ་བྱེད་མཁན་གྱི་གང་ཟག་ལ་ཁྱེད་ཀྱི་གནས་ཚུལ་རིགས་ཡར་ཞུ་བྱེད་ཀྱི་ཡོད། ཡོ་ཆས་གང་རུང་གི་བྱེད་ལས་ཁག་ལ་གནོད་སྐྱོན་གཏོང་བ་ཙམ་མ་ཡིན་པར། གསང་མྱུལ་དྲ་འབུས་ཡོ་ཆས་ཀྱི་ནང་དུ་ཡོད་པའི་གསང་བའི་ཡིག་ཆ་སོགས་དམིགས་འབེན་དུ་བཟུང་གི་ཡོད་ལ། རྒྱང་རིང་གི་གསང་མྱུལ་བར་ཁྱེད་ཀྱི་ཡོ་ཆས་ལ་སྟངས་འཛིན་བྱེད་དུ་འཇུག་ནུས།གསང་མྱུལ་དྲ་འབུའི་རིགས་ནམ་རྒྱུན་སྒེར་གྱི་གནས་ཚུལ་དང་དངུལ་ཁང་གི་གནས་ཚུལ་སོགས་རྐུ་འཁྱེར་བྱེད་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད།

ཁྱབ་བསྒྲགས་དྲ་འབུ།(广告软件)

ཁྱབ་བསྒྲགས་དྲ་འབུ་ནི། ཁྱེད་རང་གི་གློག་ཀླད་སྟེང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ། ཁྱེད་ཀྱི་འདོད་པ་དང་འཚམ་པའི་ཁྱབ་བསྒྲགས་དེ་འདྲ་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱབ་བསྒྲགས་དྲ་འབུ་དེ་ཚོ་རྟག་ཏུ་ཉེན་ཁ་ཆེན་པོ་ཡོད་པའི་ངེས་པ་མེད་ཀྱང་། མཚམས་རེར་དེས་ཁྱེད་ཀྱི་མ་ལག་ལ་གནོད་པ་སྐྱེལ་སྲིད། ཁྱབ་བསྒྲགས་དྲ་འབུ་དེ་ཚོས་བཤེར་ཆས་བརྒྱུད་དེ་ཁྱེད་རང་གསང་མྱུལ་དྲ་འབུ་དང་སིམ་འཛུལ་རྟ་ཕོའི་དུག་སྲིན་བསྐུངས་ཡོད་པའི་ངེས་མེད་ཀྱི་དྲ་གནས་དེ་འདྲར་ཁྲིད་ངེས། དེ་མ་ཟད། ཁྱབ་བསྒྲགས་དྲ་འབུ་མང་པོ་ཡོད་ན། དེས་ཁྱེད་ཀྱི་མ་ལག་མངོན་གསལ་དོད་པོའི་ཐོག་ནས་དལ་དུ་གཏོང་ངེས། ཁྱབ་བསྒྲགས་དྲ་འབུ་ཚང་མ་ཉེན་ཚབས་རང་བཞིན་ཅན་མིན་ཡང་། ག་དུས་ཡིན་ཡང་། དེ་ཚོ་ཞིབ་བཤེར་དང་འཚག་སེལ་བྱས་ཏེ་རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེ།

བཙན་ཁྲིད་དྲ་འབུ།(勒索软件)

བཙན་ཁྲིད་དྲ་འབུ་ནི་ཉེན་ཚབས་རང་བཞིན་ཅན་གྱི་མཉེན་ཆས་ཤིག་ཡིན་ལ། དེས་མ་ལག་ཅིག་གི་ནང་གི་གནས་ཚུལ་གལ་ཆེན་རིགས་ཚང་མ་ལྟ་ཞིབ་བྱེད་ཐུབ་པའི་ནུས་པ་ཡོད་པ་མ་ཟད། དེ་དག་གསང་སྡོམ་བྱས་ཏེ། བདག་པོས་ཀྱང་རང་ཉིད་ཀྱི་གནས་ཚུལ་དང་ཡིག་ཆ་དེ་དག་ལ་ལྟ་མི་ཐུབ་པ་བཟོས་ཏེ། མཐའ་མར། ཡིག་ཆ་དེ་དག་ཕྱིར་དོ་བདག་ལ་སྤྲོད་དགོས་ཚེ། དེ་ལ་དཔལ་འབྱོར་གྱི་གུན་ཚབས་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད།  བཙན་ཁྲིད་དྲ་འབུ་ནི་སྤྱིར་བཏང་གི་ཆ་ནས། དྲ་རྒྱའི་ཉྭ་འཛིན་མགོ་སྐོར་(网络钓鱼骗局)གྱི་ཆ་ཤས་ཤིག་ཡིན། དྲ་ཚིགས་གཞན་པར་བརྫུས་པའི་དྲ་བའི་འབྲེལ་ཐག་ཅིག་གི་སྒང་ལ་མནན་པའི་རྗེས་སུ། གང་ཟག་དེས་རང་ཉིད་ཀྱི་ཡོ་ཆས་ནང་དུ་ བཙན་ཁྲིད་དྲ་འབུ་ཕབ་ལེན་བྱས་པ་རེད། དེ་ནས་འཇབ་རྒོལ་པ་གང་ཟག་དེའི་ཡོ་ཆས་ཀྱི་ནང་དུ་འཛུལ་ཏེ། དེའི་ནང་གི་ཡིག་ཆ་གལ་ཆེན་རིགས་ལ་གསང་སྡོམ་བྱས་ཏེ། ཟྭ་རྒྱག་གི་ཡོད་ལ། འཇབ་རྒོལ་པར་དངུལ་རེག་ཚར་ན། ད་གཟོད་ཡིག་ཆ་དེ་དག་སྒོ་འབྱེད་ཀྱི་ཡོད།

 

སྤྱི་ཚོགས་འབྲེལ་འདྲིས་ལས་གཞི་ལ་གནོད་པའི་མཉེན་འབུ་ནི་ཅི་ཞིག་ཡིན། (社交工程恶意软件)

མཉེན་འབུ་རིགས་ཁག་ཅིག་དེང་སང་དར་ཁྱབ་འགྲོ་བཞིན་ཡོད་ལ། དེ་དག་ལ་སྤྱི་ཚོགས་འབྲེལ་འདྲིས་ལས་གཞི་ལ་གནོད་པའི་མཉེན་འབུ་ཞེས་འབོད་ཀྱི་ཡོད།

ཐ་སྙད་དེ་ནམ་རྒྱུན་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་གྱི་མི་ཚོར་མགོ་སྐོར་བཏང་སྟེ། ཁོང་ཚོ་དྲ་ཐོག་གི་འཇབ་རྒོལ་པར་ཡིད་ཆེས་བྱེད་དུ་བཅུག་སྟེ། དྲ་ཐོག་གི་ཇག་རྐུན་ཚོར་དགོས་པའི་གནས་ཚུལ་མཁོ་སྤྲོད་བྱེད་དུ་འཇུག་པའི་ཐབས་ལམ་ཞིག་ལ་ཟེར།མདོར་བསྡུས་ན་བཤད་ན། དེ་ནི་མིའི་སེམས་ཁམས་ཚོད་འཛིན་བྱེད་པའི་ལས་ཀ་ཞིག་རེད།

སྤྱི་ཚོགས་འཆར་འགོད་པ་ཚོས། ཁྱེད་ལ་པར་རིས་ཤིག་དང་། ཡང་ན། འབྲེལ་ཐག  ཟུར་སྣོན་སོགས་གང་རུང་ཞིག་གཏོང་གི་ཡོད་ལ། ཁྱེད་ཀྱིས་འབྲེལ་ཐག་དེའི་སྒང་ན་མནན་པའམ། ཟུར་སྣོན་དེ་ཕབ་ལེན་བྱས་པ་ཡིན་ན། མཉེན་འབུ་རང་ཉིད་ཀྱི་ཡོ་ཆས་ནང་དུ་ཕབ་ལེན་བྱས་ཚར་བ་རེད། མཉེན་འབུ་དེས་ཁྱེད་རང་གི་གནས་ཚུལ་བསྡུ་རུབ་བྱས་རྗེས། དེ་དག་མཉེན་འབུ་བཟོ་སྐྲུན་བྱེད་མཁན་གྱི་མི་དེར་གཏོང་གི་ཡོད།

དེང་སང་གི་གནས་སྟངས་ལ་གཞིགས་ནས་བཤད་ན། གནས་ཚུལ་དེ་དྲ་རྒྱའི་ཉྭ་འཛིན་མགོ་སྐོར་ལ་ཁུངས་གཏུག་ཆོག   འོན་ཀྱང་། དྲ་རྒྱའི་ཉྭ་འཛིན་མགོ་སྐོར་དེ་ཅུང་ཙམ་མི་འདྲ། གང་ཡིན་ཞེ་ན། དྲ་རྒྱའི་ཉྭ་འཛིན་མགོ་སྐོར་གྱིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་རྙི་འཛུགས་པ་ཙམ་མ་གཏོགས། མི་ཚོས་འབྲེལ་ཐག་གི་སྒང་དུ་གནོན་པར་ཁག་ཐེག་བྱེད་པའི་ཐད་ལ་དེ་འདྲ་ཤུགས་སྣོན་མི་རྒྱག རྙི་ཞིག་བཙུགས་ཏེ། མི་ཞིག་དེའི་ནང་དུ་ཚུད་པར་རེ་ལྟོས་བྱེད་ཀྱི་ཡོད། འོན་ཀྱང་།སྤྱི་ཚོགས་འབྲེལ་འདྲིས་ལས་གཞི་ལ་གནོད་པ་གཏོང་བའི་མཉེན་འབུ་ཡི་དམིགས་ཁ་ཧ་ཅང་གཟབ་ནན་ཡིན།

སྤྱི་ཚོགས་འཆར་འགོད་པ་ཚོས། ཁྱེད་ཀྱི་གློག་འཕྲིན་ཡིག་ཟམ་ནང་ཡི་གེ་ཞིག་བཏང་བ་དེ་ལ། ཁྱེད་རང་ཡིད་ཆེས་ཐག་ཆོད་དེ། ཡི་གེ་ནང་བསྐུར་བའི་འབྲེལ་ཐག་གི་སྒང་དུ་གནོན་པ་དང་། ཡི་གེ་དང་མཉམ་དུ་སྦྱར་བའི་ཟུར་སྣོན་དེ་ཕབ་ལེན་བྱེད་ཀྱི་ཡོད། ག་དུས་ཡིན་ཡང་གློག་འཕྲིན་ཡིག་ཟམ་ཞབས་ཞུ་བྱེ་བྲག་གཅིག་བཀོལ་སྤྱོད་བྱེད་དགོས་ལ། དེའི་ནང་གི་བདེ་འཇགས་ཀྱི་སྒྲིག་བཟོ་ཡོངས་རྫོགས་སྒྲིག་དགོས། དེ་ལྟར་བྱས་ན། ཁྱེད་རང་ལ་འབྱོར་གྱི་ཡོད་པའི་གད་སྙིགས་ཡི་གེ་དེ་དག་བཀག་འགོག་བྱེད་ཐུབ་པ་མ་ཟད། སྤྱི་ཚོགས་འཆར་འགོད་པ་ཚོས་ཁྱེད་ལ་བཏང་བའི་ཡི་གེ་དེ་དག་ཀྱང་ཡིག་ཟམ་ནང་གི་གད་སྙིགས་ཡིག་སྒམ་གྱི་ནང་དུ་འཛུལ་འགྲོ་གི་ཡོད། འོན་ཀྱང་།བདེ་འཇགས་ཀྱི་སྒྲིག་བཟོ་དེ་བཅོས་སྒྲིག་ཡག་པོ་བྱས་ཚར་ན།  ཁྱེད་རང་གི་ཡི་གེ་གལ་ཆེན་ཁག་ཀྱང་། མཚམས་རེར་གད་སྙིགས་ཡིག་སྒམ་གྱི་ནང་དུ་འཛུལ་འགྲོ་སྲིད་པས། རྒྱུན་དུ་གད་སྙིགས་ཡིག་སྒམ་དེ་བསྔོག་རྒྱུའང་གལ་ཆེ།

རང་ཉིད་མཉེན་འབུའི་ཉེན་ཁ་ལས་ཇི་ལྟར་སྐྱོབ་དགོས།

ཡོ་ཆས་ནང་གི་སྐྱོན་ཆ་རིགས་ལེགས་བཅོས་གཏོང་དགོས།

༡༽ མ་ལག་གསར་སྣོན་བྱེད་དགོས། ཁྱེད་རང་གི་ཉེར་སྤྱོད་མ་ལག་(操作系统)དང་། མཉེན་ཆས།(软件) བཀོལ་ཆས་(应用)སོགས་ཐོན་གསར་པའི་ཐོག་ཏུ་གསར་སྣོན་བྱེད་དགོས།

༢༽ མ་ལག་ནང་གི་སྤྱིའི་མཉེན་ཆས་དང་། ཁ་སྣོན་མ་ལག་རིགས་ཀྱི་གྲངས་འབོར་ཉུང་དུ་བཏང་ན། འཇབ་རྒོལ་གྱི་ཉེན་ཁ་ཆུང་དུ་གཏོང་ཐུབ།

༣༽དྲ་ཐོག་ནས་མཉེན་ཆས་དང་བཀོལ་ཆས་རིགས་ཕབ་ལེན་བྱེད་དུས། ངེས་པར་དུ་གཞུང་འབྲེལ་གྱི་དྲ་ཚིགས་ཁོ་ན་ནས་ཕབ་ལེན་བྱེད་དགོས།

སྤྱི་ཚོགས་འབྲེལ་འདྲིས་ལས་གཞི་ལ་གནོད་པའི་མཉེན་འབུ་ལ་གཟབ་གཟབ་བྱོས།

༡  ༽  ཟུར་སྣོན་ཡིག་ཆ་བཀོལ་སྤྱོད་མ་བྱེད། གློག་འཕྲིན་ཡིག་ཟམ་གྱི་ནང་དུ་ཟུར་སྣོན་བེད་སྤྱོད་མ་གཏོང་། གང་ཡིན་ཞེ་ན། སྤྱི་ཚོགས་འབྲེལ་འདྲིས་ལས་གཞི་ལ་གནོད་པའི་མཉེན་འབུ་རིགས་ཟུར་སྣོན་བརྒྱུད་ནས་ཡོང་གི་ཡོད།

༢  ༽  འབྲེལ་ཐག་གི་སྒང་ལ་མ་གནོན། འབྲེལ་ཐག་ཅིག་གིས་ཁྱེད་རང་ཉེན་ཚབས་ཆེན་པའི་དྲ་གནས་ཤིག་ལ་ཁྲིད་འགྲོ་ངེས་པ། ག་དུས་ཡིན་ཡང་ཡིད་ལ་དྲན་པར་བྱོས།

༣  ༽  གློག་འཕྲིན་ཡིག་ཟམ་གྱི་ནང་དུ་ཁྱེད་རང་གིས་ངོ་མི་ཤེས་པའི་གྲོགས་པོ་དང་། ཡང་ན། ངོ་ཤེས་རུང་ཡིག་ཟམ་གྱི་ཞབས་ཞུ་མི་འདྲ་བ་ཞིག་དང་། དག་ཆ་ནོར་བ་དེ་འདྲ་ཡོད་པའི་དོགས་གཞི་ཅན་གྱི་ཡི་གེ་དེ་འདྲ་འབྱོར་ཚེ། ཁ་མ་ཕྱེས་པར་སྣང་མེད་དུ་འཇོག་དགོས།

 

2 comments
Leave a Reply

Your email address will not be published. Required fields are marked *