ལྟེབ་བརྩེགས་ཀུ་ཤུ་ཁ་པར་ཐོག་མ།

མི་ཚང་མས་ཡུན་རིང་ངང་སྒུག་བྱས་པའི་ཀུ་ཤུ་བཟོ་ཚོང་ཁང་གི་ལྟེབ་བརྩེགས་ཀུ་ཤུ་ཁ་པར་དངོས་སུ་ཁྲོམ་རར་འགྲེམས་སྤེལ་བྱས་ཟིན་པ་བཞིན། ཀུ་ཤུ་ཁ་པར་ལ་དགའ་མཁན་གྱི་མི་མང་པོ་ཞིག་གི་སེམས་སུ་ཁ་པར་ཐོན་གསར་པ་འདིའི་སྐོར་ལ་དྲི་བ་མང་པོ་ཞིག་ཡོད་ངེས་པ་ཁ་ཚོན་བཅད་ནས་བཤད་ཆོག་པས།  ཀུ་ཤུ་བཟོ་ཚོང་ཁང་གི་ལོ་རྒྱུས་སྟེང་གི་ལྟེབ་བརྩེགས་ཁ་པར་ཐོག་མ་འདི་ལ་བསྐྱར་ཞིབ་རོབ་ཙམ་བྱེད་བསམ།

ལྟེབ་བརྩེགས་ཀུ་ཤུ་ཁ་པར་ཐོག་མ་འདིའི་མིང་ལ་དབྱིན་སྐད་དུ། iPhone Duo  ཟེར།  

ཁ་པར་འདི་ཁ་ཟུམ་སྐབས། མདུན་གྱི་འཆར་ཤེལ་གྱི་ཆེ་ཆུང་ལ་ལི་རྨི13.72 cm ཡོད། འདི་རྒྱུན་ལྡན་གྱི་ཁ་པར་ལས་ཅུང་ཟད་ཐུང་ལ་ཞེང་ཆེ་བ་ཡོད། ཁ་པར་ཁ་མ་ཕྱེ་བའི་ཐོག་ནས་མི་གཞན་ལ་ཁ་པར་གཏོང་བ་དང་། ཡིག་འཕྲིན་གཏོང་བ། ཁ་པར་སྟེང་གི་བཀོལ་ཆས་ཁག་བེད་སྤྱོད་གཏོང་བ་སོགས་བྱེད་ཐུབ།

ཁ་པར་འདི་ཁ་ཕྱེ་སྐབས། འཆར་ཤེལ་གྱི་ཆེ་ཆུང་ལ་ལི་རྨི19.30 cm ཡོད་པས།  iPad Mini ཤིག་གི་ཆེ་ཆུང་དང་འདྲ་བོ་ཡོད། 

བཟང་ཆ།

  • ལས་ཀ་སྣ་ཚོགས་མཉམ་དུ་བྱེད་བདེ་བ། འཛད་སྤྱོད་པས། ཁ་པར་ཉིས་ལྟེབ་ཅན་འདི་ཁ་ཕྱེ་སྟེ། འཆར་ཤེལ་གྱི་གཡས་གཡོན་གཉིས་སུ་མཉེན་ཆས་རིགས་མཉམ་དུ་སྤྱོད་ཐུབ། དཔེར་ན། གཡོན་ཕྱོགས་སུ་ས་ཁྲ་ལྟ་བ་མཉམ་དུ། གཡས་ཕྱོགས་སུ་དྲ་གྲོགས་ཤིག་ལ་ཡིག་འཕྲིན་གཏོང་ཐུབ་པ་ལྟ་བུའི་ནུས་པ་ལྡན།

  • ལྟེབ་ཤུལ་མི་མངོན་པའི་ཁྱད་ཆོས། ནང་གི་འཆར་ཤེལ་ཆེན་པོ་དེར་འོད་མི་ལྡོག་པའི་བཟོ་བཀོད་ཡོད་ཟེར། དེ་བས་ལྟེབ་བརྩེགས་ཅན་གྱི་ཁ་པར་གཞན་དང་བསྡུར་ན། འཆར་ཤེལ་གཡས་གཡོན་གཉིས་ཀྱི་དཀྱིལ་དུ་ཡོད་པའི་ཁ་པར་གྱི་ལྟེབ་ཤུལ་དེ་ཧ་ལམ་དོ་སྣང་མི་ཡོང་བའམ་མཐོང་དཀའ་བ་བཟོས་ཡོད།

  • པར་རྒྱག་པའི་ཐབས་ལམ་གསར་པ། ཁ་པར་འདི་ལྟེབ་བརྩེགས་རྒྱག་ཐུབ་པས་ན། ཁྱེད་ཀྱིས་ཁ་པར་དེ་ཕྱེད་ལྟེབ་ (དབྱིབས་ L ལྟ་བུ) བྱས་ནས་ སྒྲོག་ཙེའི་སྟེང་བཞག་ཚེ། འོག་གི་ཆ་ཤས་དེས་ཁ་པར་བརྟན་པོར་འཛིན་པས། རང་པར་འདྲ་པར་ལེན་སྐབས་ལག་པས་ཁ་པར་འཛིན་མི་དགོས། འོན་ཀྱང་། ལྟེབ་བརྩེགས་ཅན་གྱི་ཁ་པར་ཚང་མས་འདི་ལྟར་བྱེད་ཐུབ་པས། འདི་ལ་དམིགས་བསལ་ཧང་སངས་དགོས་པ་གང་ཡང་མེད་པར་སྙམ། 

  • མཛུབ་རིས་འདས་ལོག ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ཐོན 10  ནས་བཟུང་། མཛུབ་རིས་ཀྱི་ཚབ་ཏུ་གདོང་དབྱིབས་ངོས་འཛིན་བྱེད་པའི་ཁྱད་ཆོས་དེ་བཟོས་ཡོད་ཀྱང་། ཁ་པར་ཐོན་རིམ་གསར་པ་འདིའི་ནང་དུ་བསྐྱར་དུ་མཛུབ་རིས་ངོས་འཛིན་བྱེད་ས་བཟོས་ཡོད།

ཞན་ཆ།

  • རིན་གོང་ཆེ་བ། དམངས་སྒོར་15,999 ཡིན་པས། རྒྱུན་ལྡན་གྱི་མཐོ་རིམ་ཁ་པར་ཞིག་གི་རིན་གོང་ལས་ལྡབ་གཅིག་ཙམ་གྱིས་ཆེ་བ་ཡོད།

  • ཞེང་ཆེ་བ་དང་། ལྗིད་ཅིང་མཐུག་པ། ཁ་ཟུམ་སྟེ་ཁུག་མའི་ནང་བཅུག་ཚེ་མཐུག་པོ་ཡོད་པ་མ་ཟད། ཞེང་ཆེ་ལ། རྒྱུན་ལྡན་གྱི་ iPhone ལས་ལྗིད་པོ་ཡོད།

  • རྒྱང་ཤེལ་པར་ཆས་མེད་པ། iPhone 18 Pro ནང་ཡོད་པའི་རྒྱང་རིང་པར་རྒྱག་བྱེད་ཀྱི་པར་ཆས་དེ་མེད།

མཇུག་སྡོམ། གལ་ཏེ་ཁྱེད་ལ་ཁ་པར་དང་རྩིས་འཕྲུལ་ལེབ་མོ་ཆུང་ཆུང་ཞིག་གི་ནུས་པ་མཉམ་དུ་ཡོད་པའི་ཡོ་ཆས་ཤིག་དགོས་པ་དང་། རིན་གོང་ཆེན་པོར་མི་འཛེམས་མཁན་ཞིག་ཡིན་ན། འདི་ནི་ཉམས་དོད་ལ་སྤྱོད་སྒོ་ཆེ་བའི་ཡོ་ཆས་ཤིག་ཡིན། འོན་ཀྱང་། ཁྱེད་རང་པར་ཆས་ཡག་པོ་ཡོད་པའི་ཁ་པར་དགོས་མཁན་ཞིག་ཡིན་ན། iPhone 18 Pro ཉོས་ན་དེས་ཁྱེད་ཀྱི་འདོད་བློ་སྐོང་ཐུབ་པར་སེམས།

གནས་ཚུལ་ཁ་གསབ། iPhone Duo ཁ་པར་འདི་རྒྱལ་ནང་དུ་ཟླ10་ཚེས16་ཉིན་ནས་བཟུང་། དྲ་ཐོག་ནས་སྔོན་མངགས་བྱེད་ཆོག་འདུག་ལ།  ཚེས་23 ཉིན་ནས་བཟུང་དངོས་སུ་ཡན་ལག་ཚོང་ཁང་སོ་སོ་ནས་བཙོང་རྒྱུ་རེད་འདུག 

Leave a Reply

Your email address will not be published. Required fields are marked *