རིག་ནུས་དང་ཉིང་ལྷེབ་ཀྱི་དཀའ་ངལ།

མིས་བཟོས་རིག་ནུས་ཀྱིས་འཛམ་གླིང་ཡོངས་ལ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་བློ་ཡུལ་ལས་འདས་པའི་འགྱུར་བ་སྣ་ཚོགས་གཏོང་བཞིན་ཡོད་ཀྱང་། དུས་མཚུངས་སུ་དཀའ་ངལ་ཡང་མང་པོ་ཞིག་བསྐྲུན་གྱི་ཡོད།  དཀའ་ངལ་དེ་དག་གི་ཁྲོད་ཀྱི་གསར་བྱུང་དཀའ་ངལ་ཞིག་ནི་དྲན་ཤེས་ཉིང་ལྷེབ་ཡིན། 

མིས་བཟོས་རིག་ནུས་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་དང་བསྟུན་ནས། འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་རིག་ནུས་ཀྱི་གཞི་གྲངས་མཛོད་མང་དུ་བསྐྲུན་བཞིན་ཡོད་པ་བཞིན། ཚད་མཐོ་བའི་ཉིང་ལྷེབ་ཀྱི་དགོས་མཁོ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། གང་ཡིན་ཞེ་ན། ཚད་མཐོ་ཞིང་ནུས་པ་ཆེ་བའི་ཉིང་ལྷེབ་དེ་དག་ནི་རིག་ནུས་ཀྱི་མ་དཔེར་སྦྱོང་བརྡར་དང་ཚོད་ལྟ་་བྱེད་པར་ཆེས་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ཞིང་། རིག་ནུས་ཀྱི་དྲ་བའི་ཞབས་ཞུ་འཕྲུལ་ཆས་རེ་རེར་སྲོལ་རྒྱུན་གྱི་དྲ་བའི་ཞབས་ཞུ་འཕྲུལ་ཆས་ལས་གསོག་བྱང་གི་ནུས་པ་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། མིས་བཟོས་རིག་ནུས་ཀྱི་བཟོ་ལས་ཁང་ཁག་གིས་ཉིང་ལྷེབ་དེ་དག་ལ་གོང་ཆེན་པོ་སྤྲོད་འདོད་ཡོད་པའི་རྐྱེན་གྱིས། ཉིང་ལྷེབ་བཟོ་ཚོང་ཁང་ཁག་གིས་འཛད་སྤྱོད་པ་ཕལ་པ་ཚོས་བཀོལ་བཞིན་པའི་གློག་རྫས་ཁག་ནང་གི་ཉིང་ལྷེབ་ལས་རིག་ནུས་ཉིང་ལྷེབ་བཟོ་རྒྱུར་གལ་འགངས་ཆེན་པོར་བརྩི་ཡི་ཡོད། 

དེའི་རྐྱེན་གྱིས། མི་དཀྱུས་མར་ཤུགས་རྐྱེན་གང་དག་ཐེབས་སྲིད་མིན་ཚོད་དཔག་བྱས་ན། 

  • མ་འོངས་པར་ཁ་པར་དང་རྩིས་འཕྲུལ་སོགས་ཀྱི་རིན་གོང་མཐོ་རུ་འགྲོ་ངེས་ལ།
  • གློག་གི་ཐོན་རྫས་དེ་དག་དཀོན་པོ་ཆགས་པའམ། ཉོ་བར་དུས་ཡུན་རིང་པོར་སྒུག་དགོས་སྲིད།
  • བཟོ་ཚོང་ཁང་ཁག་གིས་ལོ་ལྟར་ཐོན་རྫས་གསར་པ་འདོན་སྤེལ་མི་བྱེད་པའམ་འདོན་སྤེལ་གྱི་མགྱོགས་ཚད་དལ་དུ་གཏོང་ངེས། 

    འདི་ནི་འཕྲལ་སེལ་གྱི་མཁོ་སྤྲོད་བརྒྱུད་རིམ་གྱི་དཀའ་ངལ་ཙམ་མིན། ཉིང་ལྷེབ་བཟོ་གྲྭ་གསར་པ་ཞིག་བསྐྲུན་པར་ལོ་མང་པོ་འགོར་གྱི་ཡོད་རུང་། མིས་བཟོས་རིག་ནུས་ཀྱི་རྨང་གཞིའི་བཀོད་སྒྲིག་གི་དགོས་མཁོ་མགྱོགས་པོར་འཕེལ་བཞིན་ཡོད། དེའི་རྐྱེན་གྱིས་མ་འོངས་པའི་ལོ་ངོ་བཅུ་ཕྲག་ལྷག་གི་ནང་དུ་ཉིང་ལྷེབ་ཀྱི་དགོས་མཁོ་སྔར་ལས་ཆེ་རུ་འགྲོ་སྲིད་ཀྱི་ཡོད།

    ཁ་གསབ། མིས་བཟོས་རིག་ནུས་བྱེད་ལས་རྩོམ་དུ་འཇུག་པར། གློག་ཤུགས་ཀྱི་ནུས་པ་ཡང་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད་རུང་། གློག་མཁོ་འདོན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་མ་འོངས་པར་མིས་བཟོས་རིག་ནུས་ཐད་ནས་སུ་ལ་རྒྱལ་ཁ་འཐོབ་མིན་ནི། རྒྱལ་ཁབ་གང་ལ་གློག་གི་ནུས་པ་འདང་ངེས་ཡོད་མེད་ལ་ཐུག་ཡོད། རྒྱས་པ་འདི་ནས་ཀློག་རོགས། 

    Leave a Reply

    Your email address will not be published. Required fields are marked *