འབུ་ཁུང་ཡིག་ཆ་གཏོང་ལེན།

འབུ་ཁུང(Wormhole)་ཟེར་བའི་དྲ་ཚིགས་འདི་ནི་ཅི་ཞིག་ཡིན།

ང་ཚོ་ཚང་མས་ནམ་རྒྱུན་གྲོགས་པོ་ཕན་ཚུན་བར་དང་། ལས་ཁུངས་སོགས་ལ་དྲ་ལམ་བརྒྱུད་ནས་ཡིག་ཆ་སྣ་ཚོགས་ཤིག་གཏོང་གི་ཡོད་ཀྱང་། ཡིག་ཆའི་ཤོང་ཚད་ཆེ་དྲགས་ན། ཡིག་ཟམ་དང་། སྐད་འཕྲིན། སྤྲིན་མཛོད་སོགས་བརྒྱུད་ནས་མཉམ་སྤྱོད་བྱ་མི་ཐུབ་པས། འབུ་ཁུང་ཟེར་བའི་དྲ་ཚིགས་འདི་ནི། དཀའ་ངལ་དེར་ཆེད་དུ་དམིགས་ནས་བཟོས་པའི་ཡིག་ཆ་གཏོང་ལེན་གྱི་ཐབས་ལམ་སླ་ཤོས་དང་ཡག་ཤོས་ཤིག་ཡིན། 

འབུ་ཁུང་ཟེར་བའི་དྲ་ཚིགས་ལ་ཁྱད་ཆོས་གང་ཡོད། 

  • དྲ་ཚིགས་འདིས་ཡིག་ཆ་གཏོང་ལེན་བྱེད་པར་རོགས་པ་བྱེད་པ་ཙམ་མ་ཡིན་པར། དྲ་ཚིགས་འདིའི་སྟེང་ནས་བཏང་བའི་ཡིག་ཆ་ཚང་མར་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱས་ཏེ། དྲ་ལམ་དུ་གསང་མྱུལ་བ་དང་དྲ་འབུ་སོགས་ཀྱིས་བར་གཅོད་དང་སིམ་འཛུལ་བྱེད་མི་ཐུབ་པ་ཁག་ཐེག་བྱེད་ཀྱི་ཡོད། 
  • ཡིག་ཆ་གང་རུང་ཞིག་དང་། ལྷག་པར་དུ་ཤོང་ཚད་ཧ་ཅང་ཆེ་བའི་ཡིག་ཆ་རིགས། སྐད་འཕྲིན་སོགས་ཀྱི་ནང་དུ་གཏོང་ཐབས་མེད་ཚེ། དྲ་ཚིགས་འདིའི་སྟེང་དུ་ཡར་འཇུག་བྱས་ཏེ། ཡིག་ཆ་དེའི་འབྲེལ་ཐག་གམ བཤེར་རིས་གྲོགས་པོ་གང་རུང་ལ་བཏང་ན། ཁོང་གིས་ཐད་ཀར་ཕབ་ལེན་བྱེད་ཐུབ། ཡར་འཇུག་བྱས་པའི་ཡིག་ཆ་དེ་ཐེངས་ག་ཚོད་ལ་ཕབ་ལེན་བྱེད་ཆོག་མིན་དང་། དུས་ཡུན་ག་ཚོད་རིང་གནས་མིན་སོགས་རང་ཉིད་ཀྱིས་དང་ཐོག་ནས་སྒྲིག་ཆོག་པས། མཉམ་སྤྱོད་བྱས་པའི་ནང་དོན་རྣམས་གསང་རྒྱ་བྱེད་ཐུབ་པ་མ་ཟད།  དུས་ཡུན་ངེས་ཅན་ནང་དུམཉམ་སྤྱོད་བྱས་པའི་ཡིག་ཆ་རྣམས་རང་བཞིན་གྱིས་ནུས་མེད་དུ་འགྱུར་འགྲོ་བས་དྲ་ཐོག་གི་རྐང་རྗེས་ཀྱང་མེད་པར་ཆགས་ཐུབ་ཀྱི་ཡོད། 

ཁྱད་དུ་འཕགས་པའི་རྒྱུ་མཚན་གསུམ་གང་དག་ཡིན།

  • གསང་རྒྱ། བཏང་བའི་ཡིག་ཆའི་ནང་དོན་གཞན་གྱིས་ལྐོག་ལྟ་བྱེད་མི་ཐུབ། 
  • ནུས་མེད། མཉམ་སྤྱོད་བྱས་པའི་ཡིག་ཆ་དུས་ཡུན་ངེས་ཅན་ནང་ནུས་མེད་ཆགས་འགྲོ་བས། དྲ་སྟེང་དུ་གཏན་དུ་གནས་མི་སྲིད།
  • ཡིག་ཆ་ཆེན་པོ། ཤོང་ཚད་GB 10 ནང་ཚུད་ཀྱི་ཡིག་ཆ་ཚང་མ་གཏོང་ཐུབ། 

གསལ་བཤད། འོན་ཀྱང་། ཕབ་ལེན་བྱེད་ཆོག་པའི་མཉེན་ཆས་ལོགས་སུ་བཟོས་མེད། 

སུ་ལ་སྤྱོད་སྒོ་ཆེ། 

དྲ་རྒྱ་སྤྱོད་མཁན་སྤྱི་དང་། ལྷག་པར་སྒེར་གྱི་གསང་རྒྱར་རྩིས་མཐོང་བྱེད་མཁན་ཡོངས་ལ་ཁེ་ཕན་ཆེ། རིན་མེད་ཡིན་པས་མི་ཚང་མས་སོ་སོའི་དགོས་མཁོ་སྣ་ཚོགས་པའི་ཆེད་དུ་བཀོལ་སྤྱོད་བྱེད་ཆོག  དཔེར་ན། གྲོགས་པོ་ནང་ཁུལ་དུ་གུང་སེང་གི་སྐབས་སུ་བརྙན་རིགས་མཉམ་སྤྱོད་བྱེད་པ་དང་། ཆེད་ལས་པས་གསང་བའི་ཡིག་ཆ་བརྒྱུད་གཏོང་བྱེད་པ་སོགས།

བཀོལ་སྤྱོད་བྱེད་སྟངས།

wormhole.app དྲ་ཚིགས་ལ་འཛུལ་ནས། ཁྱེད་ཀྱི་ཡིག་ཆ་དེ་དྲ་ཚིགས་ཀྱི་ཤོག་ངོས་ཐོག་བཞག་པ་ཙམ་གྱིས་སྐར་ཆ་ཁ་ཤས་ནང་མཉམ་སྤྱོད་བྱེད་ཆོག་པའི་འབྲེལ་ཐག་ཅིག་གམ། བཤེར་རིས་ཤིག་བསྐྲུན་ངེས།  འབྲེལ་ཐག་དང་བཤེར་ཆས་གང་རུང་ཞིག་གྲོགས་པོར་བཏང་ན་འགྲིག་ཚར་བ་རེད། ད་དུང་། དྲ་ངོས་སུ་ཐོ་འགོད་སོགས་གང་ཡང་བྱེད་མི་དགོས་ལ། མཉེན་ཆས་ཕབ་ལེན་ཀྱང་བྱེད་མི་དགོས། 

མཐའ་མའི་སྡོམ་ཚིག

དེང་སང་དྲ་སྟེང་གི་ཞབས་ཞུ་མང་ཆེ་བས་མི་སྒེར་ལ་ཞབས་ཞུ་གང་རུང་ཞིག་བཀོལ་སྤྱོད་བྱེད་དུ་མ་བཅུག་པའི་སྔོན་ལ། དྲ་ངོས་སུ་མི་སྒེར་གྱི་ཡིག་ཟམ་དང་ཁ་པར་ཨང་གྲངས་སོགས་གཏགས་དགོས་པའི་ཆ་རྐྱེན་བཟོས་ཏེ། དངོས་སུ་མི་སྒེར་གྱི་གཞི་གྲངས་བསྡུ་རུབ་བྱེད་སྲོལ་ཡོད་ལ། དེའི་ཐོག་ཏུ་ཞབས་ཞུ་ཁ་ཤས་མངགས་ཉོ་ཡང་བྱེད་དགོས། དེ་ཚོ་དང་བསྡུར་ན། འབུ་ཁུང་དྲ་ཚིགས་ནི་བཀག་རྒྱ་གང་ཡང་མེད་པའི་རང་དབང་གི་བར་སྟོང་ཆེན་པོ་ཞིག་ཡིན། ཁྱེད་ཀྱི་ཡིག་ཆ་ཞིག་གནས་ ་ ནས་ ཁ་ ལ་གསང་བའི་ཐོག་ནས་འགོག་རྐྱེན་གང་ཡང་མེད་པར་སྐྱེལ་ཐུབ་ཀྱི་ཡོད་པས། དེ་རིང་ནས་བཟུང་སྟེ་རྒན་དར་གཞོན་གསུམ་ཚང་མས་བཀོལ་སྤྱོད་བྱེད་འོས་སོ།།

Leave a Reply

Your email address will not be published. Required fields are marked *