རིག་ནུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ།

ད་ཆ་མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་དེ་མ་དཔེ(模型)་ནས་རིམ་བཞིན་ལས་ཚབ་པར(代理 )་ཁ་ཕྱོགས་ཀྱི་ཡོད་པ་འདི་ནི་རིག་ནུས་དུས་རབས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཡིན།  གང་ཡིན་ཞེ་ན། མ་འོངས་པའི་རིག་ནུས་ཀྱི་འགྲན་རྩོད་དེ་མ་དཔེ་ཆེན་མོའི(大型模型)་འགྲན་རྩོད་ནས་ལས་ཚབ་པའི(自主代理)་འགྲན་རྩོད་ལ་འགྱུར་བ་ཐེབས་བཞིན་ཡོད་པས།  མ་འོངས་པའི་མིས་བཟོས་རིག་ནུས་བཟོ་ཚོང་ཁང་ཁག་གི་དམིགས་ཁ་གཏོད་ས་གཙོ་བོའང་རིག་སྟོབས་ཧ་ཅང་ཆེ་བའི་རིག་ནུས་ལས་ཚབ་པར་འགྱུར་ངེས། 

འདས་པའི་ལོ་ཤས་རིང་གི་རིག་ནུས་བཟོ་ལས་ཁང་ཁག་གི་གྲུབ་འབྲས་ཆེན་པོ་ཞིག་ནི་རྨང་གཞིའི་མ་དཔེའི་ནུས་པ་གོང་མཐོར་བཏང་སྟེ་མིའི་འཚོ་བར་སྔར་བྱུང་མ་མྱོང་བའི་སྟབས་བདེ་བསྐྲུན་ཡོད་པ་དེ་ཡིན་ཀྱང་། ད་ལོར་མི་ཚོས་དོ་སྣང་བྱ་ཡུལ་ཞིག་ནི། རིག་ནུས་ཀྱི་མ་དཔེ་མ་ཡིན་པར། མ་དཔེ་དེའི་སྟེང་ནས་བཟོས་པའི་ལས་ཚབ་པའི་མ་ལག་དང་དེའི་དུས་ཡུན་རིང་པོར་དྲ་ཐོག་ཏུ་ལས་དོན་སྒྲུབ་ཐུབ་པའི་བྱེད་ནུས་ཀྱི་སྐོར་ཡིན།  འདི་ནི་རིག་ནུས་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཆགས་ཀྱི་ཡོད། ད་ཆ་འཛད་སྤྱོད་པ་མང་པོ་ཞིག་གི་མཐར་ཐུག་གི་དགོས་མཁོ་ནི། རིག་ནུས་ཀྱི་མ་དཔེ་གང་ཞིག་གིས་སོ་སོའི་དྲི་བར་བསམ་བློ་གཏིང་ཟབ་བཏང་སྟེ་ལན་རྒྱག་ཐུབ་མིན་དེ་མ་ཡིན་པར། རིག་ནུས་ཀྱི་ལས་ཚབ་པས་འཛད་སྤྱོད་པ་གང་དེ་གཉིད་ཁུག་པའི་གནས་སྐབས་སུའང་ཁོང་གི་བསྒྲུབས་མ་ཚར་བའི་ལས་དོན་ཁག་མུ་མཐུད་ནས་སྒྲུབ་ཐུབ་མིན་དང་། རང་ཉིད་ཀྱི་ལས་གཞི་ཁག་དངོས་སུ་ལག་བསྟར་བྱེད་ཐུབ་པའི་ནུས་པ་ཡོད་མེད་དེ་ཡིན། འདིས་རིག་ནུས་ཀྱི་ཁ་ཕྱོགས་དེ་མི་དང་མཉམ་དུ་ཁ་བརྡ་བྱེད་པའི་འཕྲུལ་མིའི་ངོ་བོ་ནས་གྲངས་འཛིན་ལས་རོགས་ཀྱི་ངོ་བོའི་ཐོག་ཏུ་ཁ་ཕྱོགས་བཞིན་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་ཆགས་ཀྱི་ཡོད། 

འཕེལ་འགྱུར་གྱི་གོ་རིམ་འདིའི་ཁྲོད་དུ། རིག་ནུས་ཀྱི་ལས་ཚབ་པའམ་ལས་རོགས་ཀྱིས་འཛད་སྤྱོད་པའི་དྲི་བར་ཡ་ལན་སྤྲོད་པ་ཙམ་མ་ཡིན་པར། རང་ངོས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལས་ཀ་བྱེད་ཕྱོགས་ལ་ལེགས་བཅོས་བཏང་སྟེ། ནོར་འཕྲུལ་ཡོ་བསྲང་གི་རང་སྐྱོང་གི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན། གལ་ཏེ་རིག་ནུས་ལས་ཚབ་པའི་གནས་ཚད་དེ་འདྲ་ཞིག་ལ་སླེབས་ཚེ། མི་དངོས་སུ་མཉམ་ཞུགས་བྱས་ཏེ་ལེགས་བཅོས་གཏོང་བའི་དུས་སྐབས་དེ་མེད་པར་ཆགས་འགྲོ་བ་དང་། སྔོན་ཆད་སྤྱི་གཉེར་ཁང་ཞིག་གི་ནང་དུ་ལས་མི་མང་པོས་མཉམ་རུབ་ཀྱིས་ཐོག་ནས་ཅ་དངོས་ཐོན་སྐྱེད་བྱེད་ཀྱི་ཡོད་རུང་། མི་རིང་བར་མི་གཅིག་དང་རིག་ནུས་ལས་ཚབ་པ་གཅིག་གིས་སྤྱི་གཉེར་ཁང་ཧྲིལ་པོའི་ལས་མི་ཡོངས་ཀྱི་ཚབ་བྱེད་ཐུབ་པ་ཆགས་འགྲོ་བ་ཡིན། དེ་བས། མ་འོངས་པའི་རིག་ནུས་ཀྱི་མ་ལག་ཅིག་གི་རྒྱལ་ཁ་ནི་འཛད་སྤྱོད་པའི་གྲངས་ཙམ་དང་འཛད་སྤྱོད་པས་མ་ལག་དེའི་སྟེང་དུ་དུས་ཡུན་ག་ཚོད་བཏང་ཡོད་མེད་ཙམ་ལ་ལྟ་བ་མ་ཡིན་པར། མ་ལག་དེའི་ནང་གི་ལས་ཚབ་པ་ག་ཚོད་ཀྱིས་འཛད་སྤྱོད་པའི་ཆེད་དུ་དངོས་སུ་ལས་ཀ་བསྒྲུབས་ཐུབ་ཀྱི་ཡོད་མེད་ཀྱི་སྟེང་ནས་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད། 

འབྱུང་འགྱུར་གྱི་ལོ་ཁ་ཤས་ཀྱི་ནང་དུ་རིག་ནུས་ལས་ཚབ་པས་བསྒྲུབ་ངེས་པའི་ལས་དོན་ཁག་ཅིག་སྔོན་དཔག་བྱས་ན། 

  • དྲ་ཐོག་གི་ནང་དོན་གསར་སྐྲུན་པ་ལ་མ་འོངས་པར་རིག་ནུས་ལས་ཚབ་པས། རང་འགུལ་གྱི་སྟེང་ནས་བརྙན་པར་སྒྲིག་སྦྱོར་དང་། དུས་ཐོག་ཏུ་དྲ་གྲོགས་ཕན་ཚུན་བར་འབྲེལ་འདྲིས། དྲ་ལམ་ཐད་གཏོང་སོགས་བྱེད་ཐུབ་ངེས།
  • ལས་ཁུངས་ཤིག་གི་ལས་བྱེད་པའི་རིག་ནུས་ལས་ཚབ་པས། ཚོགས་འདུབཀོད་སྒྲིག་དང་། ཡིག་ཟམ་ནང་འཕྲིན་པར་ལན་འདེབས། གནམ་གྲུའི་འཛིན་བྱང་དང་མགྲོན་ཁང་འདེམས་སྐབས་རིན་གོང་བསྡུར་ཏེ་མངགས་ཉོ་བྱེད་པ། ཁྱེད་ལ་དུས་བཀག་དྲན་སྐུལ་བྱེད་པ། འཕྲིན་ཡིག་དང་ཡིག་ཆ་སོགས་ཀྱི་ནང་དོན་ཕྱོགས་བསྡོམས་སོགས་བྱེད་ཐུབ་ངེས། 
  • སྤྱི་གཉེར་ཁང་ཞིག་གི་རིག་ནུས་ལས་ཚབ་པས། འཛད་སྤྱོད་པར་ཡ་ལན་དང་རྒྱབ་སྐྱོར། ཁྲོམ་རར་ཞིབ་འཇུག་དང་རྒྱ་བསྐྱེད། གཞི་གྲངས་དབྱེ་ཞིབ། ཚོང་གཉེར་འབྲེལ་མཐུད་སོགས་བྱེད་ཐུབ་ངེས། 
  • མཉེན་ཆས་བཟོ་སྐྲུན་ལས་ཁུངས་ཀྱི་རིག་ནུས་ལས་ཚབ་པས། ཉེན་ཆས་ཧྲིལ་པོ་བཟོ་སྐྲུན་དང་། ཚོད་ལྟ། དྲ་ཚིགས་ཤར་གཏོང་། ཞབས་ཞུ་ཆས་ལ་ལྟ་རྟོག མཉེན་ཆས་ནང་གི་བདེ་འཇགས་ཀྱི་སྐྱོན་ཆ་རང་འགུལ་གྱིས་སྒོ་ནས་དག་སེལ་སོགས་བྱེད་ཐུབ་ངེས། 
  • རིག་ནུས་ལས་ཚབ་མང་པོའི་མཉམ་ལས། ལས་ཚབ་པ་གཅིག་གིས་ནང་དོན་ཞིག་བཟོས། ལས་ཚབ་པ་གཞན་ཞིག་གིས་དེའི་ཐོག་ལ་ཞིབ་འཇུག་བྱས། ཡང་ལས་ཚབ་པ་གཞན་ཞིག་གིས་དངོས་དོན་ཞིབ་བཤེར་བྱས། མཐའ་མར་ལས་ཚབ་པ་གཅིག་གིས་ཐག་གཅོད་དང་ལག་བསྟར་བྱས་ཏེ། ལས་གཞི་ཞིག་གི་མགོ་མཇུག་བར་གསུམ་ཆ་ཚང་རིག་ནུས་ལས་ཚབ་པ་མང་པོས་མཉམ་རུབ་ཀྱིས་ཐོག་ནས་བསྒྲུབ་ཐུབ་ངེས་སོ།།
Leave a Reply

Your email address will not be published. Required fields are marked *