རིག་ནུས་ལག་རྩལ་གྱི་རྩོད་རྙོག

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ལྟར་ན། DeepSeek  དང་། Moonshot AI ཨ་ལི་བྷ་བྷ་སོགས་རྒྱལ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་ཁག་དྲུག་གིས་དྭངས་འདོན་ཞེས་པའི་ཐབས་རྩལ་སྤྱད་དེ། ChatGPT རིག་ནུས་ཀྱི་བཟོ་ཚོང་ཁང་OpenAI  དང་། དགོས་རྒུ་བཟོ་ཚོང་ཁང་།  ཁུ་ལོ་རིག་ནུས་ཀྱི་བཟོ་ཚོང་ཁང་Anthropic  མ་སི་ཁིག་གི་SpaceX སོགས་ཨ་རིའི་མིས་བཟོས་རིག་ནུས་ཉམས་ཞིབ་ཁང་ཁག་གི་རིག་ནུས་ཀྱི་མ་དཔེའི་ནུས་པ་འདྲ་བཤུས་བྱས་ཡོད་པར་བརྗོད་ཡོད།  

དྭངས་འདོན་ནམ། དབྱིན་སྐད་དུ་ Distillation ཞེས་པ་ནི།  མིས་བཟོས་རིག་ནུས་ཀྱི་ལག་ཆ་གསར་པ་བཟོ་བའི་འགྲོ་གྲོན་བསྲི་ཚགས་བྱེད་ཕྱིར། རིན་གོང་ཆེ་བའི་མིས་བཟོས་རིག་ནུས་རྣམས་ཀྱི་ཐོན་འབྲས་སྤྱད་དེ་རིག་ནུས་ཆུང་བ་རྣམས་ལ་སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་ཞིག་ལ་ཟེར།

དེ་སྔོན་ཡང་དགོས་རྒུ་བཟོ་ཚོང་ཁང་གི་ལས་མི་ཆེད་མཁས་པ་ཏིན་ལིན་ཝེ་丁林伟  ཡིས་དགོས་རྒུ་བཟོ་ཚོང་ཁང་གི་རིག་ནུས་དང་འབྲེལ་བའི་གསང་བའི་ལག་རྩལ་གྱི་ཡིག་ཆ་སྟོང་ཕྲག་གཉིས་ལྷག་བརྐུས་ཏེ། རྒྱལ་ནང་གི་འཕྲུལ་རིག་བཟོ་ཚོང་ཁང་གཉིས་ལ་བརྒྱུད་སྤྲོད་བྱས་པའི་ཉེས་འཛུགས་འོག་ཨ་རི་གཞུང་གིས་འཇུ་བཟུང་བྱས་ཡོད། རྒྱལ་ནང་གི་བཟོ་ཚོང་ཁང་གཉིས་དེ་ནི།  པེ་ཅིང་རོང་ཧྲུའུ་ལེན་ཀྲི་འཕྲུལ་རིག་ཚད་ཡོད་སྤྱི་གཉེར་ཁང་北京融数联智科技有限公司དང་། ཧྲང་ཧེ་ཀྲི་སོན་འཕྲུལ་རིག་ཚད་ཡོད་སྤྱི་གཉེར་ཁང་上海智算科技有限公司 ཡིན་འདུག  

ཏིན་ལིན་ཝེ་ཡིས་དགོས་རྒུ་བཟོ་ཁང་དུ་ལས་ཀ་བྱེད་བཞིན་པའི་སྐབས་སུ། པེ་ཅིང་རོང་ཧྲུའུ་ལེན་ཀྲི་འཕྲུལ་རིག་ཚད་ཡོད་སྤྱི་གཉེར་ཁང་གིས་ཁོང་ལ་ཟླ་རེའི་གླ་ཕོགས་དམངས་སྒོར་འབུམ་གཅིག་རེ་དང་བཟོ་གྲྭའི་རྐང་དབང་ (股票) བཅས་སྤྲོད་རྒྱུའི་ཁས་ལེན་བྱས་ནས་འཕྲུལ་རིག་སྤྱི་ཁྱབ་འགན་འཛིན་གྱི་གཙོ་བོའི་ (首席技术官 ) ལས་གནས་སྤྲད་ཡོད། ཁོང་གིས་དགོས་རྒུ་བཟོ་ཚོང་ཁང་ལ་གསང་བ་བྱས་ཏེ་རྒྱལ་ནང་གི་བཟོ་ཚོང་ཁང་འདིའི་དོན་དུ་མ་རྩ་འཛུགས་མཁན་ཚོ་དང་ཐུག་འཕྲད་བྱས་ཡོད།

ཧྲང་ཧེ་ཀྲི་སོན་འཕྲུལ་རིག་ཚད་ཡོད་སྤྱི་གཉེར་ཁང་ནི། 2023ལོའི་ཟླ་ 5 པའི་ནང་ཏིན་ལིན་ཝེ་རང་ཉིད་ཀྱིས་རྒྱལ་ནང་དུ་གསར་འཛུགས་བྱས་པའི་མིས་བཟོས་རིག་ནུས་ཀྱི་བཟོ་ཚོང་ཁང་ཞིག་ཡིན་ལ། ཁོང་གིས་དགོས་རྒུ་བཟོ་ཚོང་ཁང་ནས་བརྐུས་པའི་མིས་བཟོས་རིག་ནུས་ཀྱི་འཕྲུལ་རིག་གཞི་རྩར་བཟུང་ནས། རྒྱལ་ནང་དུ་མིས་བཟོས་རིག་ནུས་ཀྱི་གློག་ཀླད་ཆེན་པོ་ (人工智能超级计算机 ) བཟོ་རྒྱུའི་འཆར་གཞི་བཏོན་ནས་མ་རྩ་བསྡུ་རུབ་བྱས་ཡོད།

གནས་ཚུལ་གསར་པ་གཞན་ཞིག་ནི། OpenAI བཟོ་ཚོང་ཁང་གི་ཞིབ་འཇུག་པ་田永龙 ཐུན་ཞུན་བཟོ་ཚོང་ཁང་ལ་ཞུགས་ཏེ། བཟོ་ཚོང་ཁང་དེའི་混元 AI རིག་ནུས་ཀྱི་འགན་འཁུར་མཁན་གཙོ་བོ་(混元多模态负责人 )ཞིག་ཏུ་གྱུར་ཡོད་པ་དེ་ཡིན།  

གནས་ཚུལ་འདི་ཚོ་ཕྱོགས་གཅིག་ཏུ་བསྒྲིལ་ཏེ་དབྱེ་ཞིབ་བྱས་ཚེ། རིག་ནུས་དང་འབྲེལ་བའི་འགྲན་རྩོད་ཀྱི་རྙོག་དྲ་ཆེན་པོ་ཞིག་གི་སྒོ་འཕར་ག་ལེར་ཕྱེ་བཞིན་ཡོད་པ་གསལ་པོ་ཡིན། རིག་ནུས་ཆེད་མཁས་པ་དང་ལག་རྩལ་མི་སྣ་རྒྱལ་ཁབ་ཕན་ཚུན་བར་འགྲོ་འོང་བྱེད་པ་ནི་རང་དབང་གི་མཁས་པའི་འགྲོ་འོང་ཙམ་ཡིན་ནམ། ཡང་ན། རིག་ནུས་ཀྱི་གསང་བའི་ལག་རྩལ་ལྐོག་ཏུ་ཉོ་ཚོང་དང་རྐུ་འཁྱེར་བྱེད་པའི་འགྱུར་འགྲོས་གསར་པ་ཞིག་ཡིན། འགྱུར་འགྲོས་འདི་མ་འོངས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་དང་རྩོད་རྙོག་ལྟེ་བ་ཞིག་ཆགས་ངེས་པར་སེམས་ལ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཕན་ཚུན་བར་གྱི་འགྲན་རྩོད་ནི་རིག་ནུས་ཀྱི་ཤེས་བྱ་དང་ལག་རྩལ་ཐད་ཀྱི་དབང་ཆ་སུས་བདག་འཛིན་བྱེད་ཐུབ་མིན་གྱི་འགྲན་རྩོད་ཅིག་ཆགས་ངེས་པ་ཡིན་ནོ།།

Leave a Reply

Your email address will not be published. Required fields are marked *