རྒྱལ་ནང་གི་རིག་ནུས་ལས་ཚབ་པའི་མ་ལག་ཆེ་ཤོས་གཉིས་ཏེ། པད་མ་འཁྱུག་རྩལ་ (字节跳动) གྱི་ཏིག་པའོ་ (豆包) དང་ཨ་ལི་བྷ་བྷ་ (阿里巴巴) ཡི་ཆན་ཝུན་ (千问) གཉིས་ཀྱིས་ཟླ་ 7 པའི་ཚེས་ 15 ཉིན་ནས་བཟུང་། AI རིག་ནུས་ལས་ཚབ་པའི་ནུས་པ་མཚམས་འཇོག་རྒྱུ་རེད་འདུག འདི་ནི་ལོ་ངོ་གཉིས་ཙམ་གྱི་རིང་ལ་ AI ལས་ཚབ་པའི་ཐོག་ལ་ཚ་ཚ་འུར་འུར་གྱི་དགའ་བསུ་ཐོབ་པའི་རྗེས་སུ། རིག་ནུས་ལས་རིགས་ཀྱི་འགྱུར་ལྡོག་གི་ཁ་ཕྱོགས་གསར་པ་ཞིག་མཚོན་གྱི་ཡོད་པར་དབྱེ་ཞིབ་པ་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད།
རིག་ནུས་ལས་ཚབ་པ་ (AI 智能体) ཟེར་བ་དེ་ག་རེ་རེད།
རིག་ནུས་ལས་ཚབ་པ་ནི་འཛད་སྤྱོད་པའི་ཚབ་བྱས་ཏེ་བྱ་བ་རང་འགུལ་གྱི་སྒོ་ནས་སྒྲུབ་ཐུབ་པའི་རིག་ནུས་མཉེན་ཆས་ཤིག་ཡིན། དཔེར་ན།
- འགྲུལ་བཞུད་ཀྱི་མེ་འཁོར་དང་གནམ་གྲུའི་འཛིན་བྱང་ཉོ་བ།
- དྲ་ཐོག་ནས་ཅ་ལག་མངགས་ཉོ་བྱེད་པ།
- འགེངས་ཤོག་སྐོང་བ།
- འཆར་གཞི་བཀོད་སྒྲིག་དང་དུས་ཚོད་གཏན་འཁེལ་བྱེད་པ།
- ཁྱེད་ཀྱི་ཚབ་བྱས་ནས་ App་བཀོལ་ཆས་གཞན་པ་བེད་སྤྱོད་གཏོང་བ་ལྟ་བུ་རེད།
མདོར་བསྡུས་ནས་བཤད་ན། རིག་ནུས་ལས་ཚབ་པའི་དམིགས་ཡུལ་ནི་ཁྱེད་ཀྱི་དྲི་བར་ལན་འདེབས་མཁན་ཙམ་མ་ཡིན་པར། མི་སྒེར་གྱི་ལས་རོགས་ངོ་མ་ལྟར་བྱ་བ་སྒྲུབ་ཐུབ་པ་བཟོ་རྒྱུ་དེ་ཡིན།
རིག་ནུས་ལས་ཚབ་པ་མཚམས་འཇོག་བྱེད་དགོས་དོན་གང་ཡིན།
འཛམ་གླིང་ཡོངས་སུ་རིག་ནུས་ཀྱི་མ་དཔེ་ནས་རིག་ནུས་ལས་ཚབ་པའི་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད་པས། མི་མང་པོས་དེའི་ཐོག་ཏུ་ཚ་ཚ་འུར་འུར་གྱི་ཐོག་ནས་བགྲོ་གླེང་བྱེད་ཀྱི་ཡོད་རུང་། རིག་ནུས་ལས་ཚབ་པའི་ཁྱད་ཆོས་དེ་ད་ཆ་རྒྱལ་ནང་དུ་མཚམས་འཇོག་བྱེད་དགོས་དོན་གྱི་ཐད་ལ་རྒྱུ་མཚན་ཁ་ཤས་ཡོད་དེ།
- མི་དཀྱུས་མ་ཚོས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱི་མེད། རིག་ནུས་ལས་ཚབ་པར་མགོ་ཉོག་ཆེ་བ་མ་ཟད། ཉེན་ཁ་ཡོད་པས། མི་མང་པོ་ཞིག་གིས་རིག་ནུས་ལ་རྙོག་དྲ་ཆེ་བའི་ལས་ཀ་བཅོལ་བ་ལས། དྲི་བ་སླ་མོའི་རིགས་དྲིས་ཏེ་རང་གི་འདོད་མོས་བསྐང་རྒྱུར་དགའ་བོ་བྱེད་ཀྱི་ཡོད།
- རིག་ནུས་ལས་ཚབ་པར་ཡིད་ཆེས་བློ་འགེལ་བྱེད་ཐུབ་ཀྱི་མེད། རིག་ནུས་ལས་ཚབ་པས་མཚམས་རེར་ནོར་འཁྲུལ་ཆེན་པོ་བཟོ་སྲིད་པ་དང་། བཀའ་རྒྱ་ལ་གོ་བ་ལོག་པ་ལེན་པ། ཡང་ན་ལས་ཀ་མཐའ་མ་སྐྱེལ་བ་སོགས་ཀྱི་གནས་ཚུལ་འབྱུང་གི་ཡོད།
- གཙོ་སྐྱོང་བྱེད་པར་འགྲོ་གྲོན་ཆེ། ཚད་མཐོ་བའི་རིག་ནུས་ལས་ཚབ་པ་གཉེར་བར་རྩིས་འཕྲུལ་གྱི་ནུས་པ་ཧ་ཅང་ཆེན་པོ་དགོས་པས། རིག་ནུས་ཀྱི་གླེང་མོལ་ལས་འགྲོ་གྲོན་ཆེ་བ་ཡོད།
- ཁྲིམས་སྒྲིག་ཇེ་བཙན་དུ་སོང་བ། སྤྱི་གཉེར་ཁང་ཁག་གིས་རིག་ནུས་ཀྱི་མ་ལག་གཉེར་སྟངས་དང་། སྤྱོད་མཁན་གྱི་གསང་རྒྱའི་གནད་དོན་ཐོག གཞུང་གི་ལྟ་རྟོག་དང་ཞིབ་བཤེར་ཆེ་རུ་འགྲོ་བཞིན་པར་གདོང་ལེན་བྱེད་དགོས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་ལ་ཐུག་ཡོད།
འོན་ཀྱང་། འགྱུར་བ་འདིས་རིག་ནུས་ལས་ཚབ་པ་རྩ་བ་ནས་མེད་པར་ཆགས་པ་མཚོན་མི་ཐུབ། མི་ཚང་མས་ཉིན་རྒྱུན་འཚོ་བའི་ཁྲོད་དུ་རིག་ནུས་ལས་ཚབ་པ་བཀོལ་སྤྱོད་བྱེད་ཐུབ་པར་འཛད་སྤྱོད་པའི་འཕྲུལ་རིག་གི་གནས་ཚད་གང་མཚམས་ཤིག་ལ་སླེབས་དགོས་པ་དང་། གནས་ཚད་དེར་སླེབས་པར་ད་དུང་དུས་ཡུན་ངེས་ཅན་དགོས་ཀྱི་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་དབང་གིས། གནས་སྐབས་རིང་སྤྱི་གཉེར་ཁང་ཁག་གིས་མི་རྣམས་ཀྱིས་ཉིན་ལྟར་བེད་སྤྱོད་གཏོང་བཞིན་པའི་རིག་ནུས་ཀྱི་ཁྱད་ཆོས་གཞན་དག་གི་ནུས་པ་གོང་འཕེལ་གཏོང་བའི་ཐོག་ཏུ་ཁ་ཕྱོགས་བསྒྱུར་བཞིན་ཡོད། དཔེར་ན།
- དྲི་བར་ལན་འདེབས་པ།
- ཡིག་ཟམ་ནང་གི་འཕྲིན་ཡིག་ལ་ལན་འདེབས་དང་རྩོམ་ཡིག་འབྲི་བ།
- གནད་དོན་གནད་བསྡུས་བཟོ་བ།
- སྐད་རིགས་སྣ་ཚོགས་རང་འགུལ་གྱི་ཡིག་སྒྱུར་བྱེད་པ།
- རྩིས་འཕྲུལ་Coding་སོགས་ལ་རོགས་བྱེད་པ་ལྟ་བུ།
ལག་ཆ་འདི་དག་ནི་སྟབས་བདེ་བ་དང་། བློ་གཏད་ཆོག་པ། སྤྱོད་མཁན་ལ་དངོས་ཡོད་ལག་ལེན་གྱི་ཐོག་ནས་ཕན་ཐོགས་བསྒྲུབ་ཐུབ་པ་ཤ་སྟག་ཡིན།