Anthropic བཟོ་ཚོང་ཁང་གིས་ཁུ་ལོ་རིག་ནུས་(Claude) བཀོལ་སྤྱོད་བྱེད་པར། རང་ཉིད་ཀྱི་ངོ་བོ་བདེན་དཔང་བྱེད་དགོས་པའི་ལམ་ལུགས་གསར་པ་ཞིག་ཁྱབ་བསྒྲགས་བྱས་པས་རྒྱལ་སྤྱིའི་ཐོག་རིག་ནུས་ཀྱི་བཟོ་ཚོང་ཁང་འདིའི་གློ་བུར་གྱི་ཐག་གཅོད་དེ་ལ་ཚ་ཚ་འུར་འུར་གྱིས་ཐོག་ནས་བགྲོ་གླེང་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་རྒྱ་ནག་གི་སྤྱོད་མཁན་ཚོར་མཚོན་ན། འདི་ནི་རིག་ནུས་བཀོལ་སྤྱོད་ཀྱི་ལམ་ཁར་བརྒལ་དཀའ་བའི་ “ལྕགས་རི་” མཐོན་པོ་ཞིག་བརྩིགས་པ་ལྟ་བུའི་འགོག་རྐྱེན་ཆེན་པོ་ཞིག་ཆགས་ཡོད་པས། རྒྱ་མི་ཚོས་དེ་ལ་དྲ་ལམ་དུ་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད།
ད་ནས་བཟུང་། ཁུ་ལོ་རིག་ནུས་སྤྱོད་མཁན་གྱིའཛད་སྤྱོད་པ་ཚོས་གཞུང་ཕྱོགས་ཀྱི་ཐོབ་ཐང་ལག་ཁྱེར་བཟུང་སྟེ། དུས་ཐོག་ཏུ་རང་པར་བརྒྱབ་ནས་རང་ཉིད་ཀྱི་ངོ་བོ་བདེན་དཔང་བྱེད་དགོས་ཀྱི་ཡོད། ངོ་བོ་བདེན་དཔང་གི་ལམ་ལུགས་འདི་སྤྱོད་མཁན་ཡོངས་ཀྱི་ཐོག་ཏུ་དུས་གཅིག་ཏུ་ལག་བསྟར་བྱེད་ཀྱི་མེད་པར། གནས་བབ་བྱེ་བྲག་པ་ཁག་ཅིག་གི་འོག་རིམ་བཞིན་ལག་བསྟར་བྱེད་ཀྱི་ཡོད། དཔེར་ན། སྤྱོད་མཁན་གྱིས་རིག་ནུས་ཀྱི་མ་དཔེ་ནང་གི་མཐོ་རིམ་གྱི་བྱེད་ནུས་ཁག་བཀོལ་ཐབས་བྱེད་སྐབས་སམ། མ་ལག་གི་བདེ་འཇགས་དང་ཁྲིམས་མཐུན་རང་བཞིན་ལ་རྒྱུན་ལྡན་གྱི་ཐོག་ནས་ཞིབ་བཤེར་བྱེད་པའི་ཆ་ཤས་ཤིག་གི་ཚུལ་དུ་ངོ་བོ་བདེན་དཔང་བྱེད་དགོས་པའི་བརྡ་ལན་མངོན་ཡོང་གི་ཡོད། ངོས་འཛིན་བྱེད་པའི་བརྒྱུད་རིམ་ནི་སྟབས་བདེ་བོ་ཡོད་དེ་སྐར་མ་ལྔ་ལས་མི་འགོར་མོད། འོན་ཀྱང་། སྤྱོད་མཁན་གྱིས་ངེས་པར་དུ་འདྲ་པར་ཡོད་པའི་གཞུང་ཕྱོགས་ཀྱི་ལག་ཁྱེར་ (ཕྱི་བསྐྱོད་ལག་འཁྱེར་རམ། ཁ་ལོ་བའི་ལག་ཁྱེར། ཡང་ན། རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ཁྱེར་ལྟ་བུ) གྲ་སྒྲིག་བྱེད་དགོས་པ་དང་། བརྙན་པར་ལེན་ཐུབ་པའི་ཁ་པར་བརྒྱུད་དེ་དུས་ཐོག་ཏུ་རང་པར་རྒྱག་དགོས།
རྒྱ་ནག་གི་སྤྱོད་མཁན་ལ་མཚོན་ན། ལམ་ལུགས་འདིའི་ཤུགས་རྐྱེན་ནི་ཤིན་ཏུ་ཆེ། བཀོལ་སྤྱོད་ཀྱི་ཆ་རྐྱེན་ཇེ་མཐོར་ཕྱིན་ཡོད་དེ། ཕྱི་བསྐྱོད་ལག་འཁྱེར་རམ་ལམ་ཡིག་མེད་མཁན་ཚོར་ཁུ་ལོ་རིག་ནུས་བཀོལ་སྤྱོད་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད། ལམ་ལུགས་འདི་ལག་བསྟར་མ་བྱས་པའི་སྔོན་དུ་ཁུ་ལོ་རིག་ནུས་ཀྱི་མ་ལག་གི་སྟེང་དུ་ཐོ་འགོད་བྱས་ཟིན་པའི་ཐོ་ཁོངས་རྙིང་པ་རྣམས་ནི་རིན་ཐང་ཆེ་བའི་རྒྱུ་ནོར་ལྟ་བུར་གྱུར་ཡོད། སྤྱོད་མཁན་གསར་པ་ཚོར་མིང་ངོ་མ་ཐོ་འགོད་བྱེད་དགོས་པའི་དཀའ་ངལ་འཕྲད་དེ་རྒྱུན་ལྡན་གྱི་འཛུལ་ཞུགས་བྱེད་རྒྱུ་ཇེ་ཁག་ཏུ་སོང་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ལག་འཁྱེར་སྟེང་གི་གཞི་གྲངས་རྣམས་ཨ་རིའི་བཟོ་ཚོང་ཁང་ཞིག་ལ་སྤྲོད་དགོས་རྒྱུ་དེ་རེད། འདིས་གཞི་གྲངས་བདེ་འཇགས་དང་སྒེར་གྱི་གསང་རྒྱའི་ཐད་ལ་སེམས་འཚབ་ཆེན་པོ་བཟོ་བཞིན་ཡོད། ལྷག་པར་དུ་ད་ལྟའི་ས་ཁམས་ཆབ་སྲིད་ཀྱི་གནས་བབ་རྙོག་འཛིང་ཅན་འདིའི་འོག་ཏུ། ཨ་རྒྱ་གཉིས་ཀྱིས་ལྐོག་ནས་གཞི་གྲངས་ཀྱི་དམག་འཁྲུག་རྒྱག་བཞིན་ཡོད་པས། རྒྱ་མི་ཚོས་སྐྱོན་འཛུགས་བྱེད་བཞིན་པ་དེར་ཡང་རྒྱུ་མཚན་མེད་པ་མིན།
ཁུ་ལོ་རིག་ནུས་ཀྱི་བཟོ་ཚོང་ཁང་ལ་ལག་ལེན་འདིའི་ཁྲོད་དུ་ཕན་ཐོགས་བྱུང་ཡོད་པ་ར་སྤྲོད་བྱུང་ན། ཕྱི་རྒྱལ་གྱི་ AI བཟོ་ཚོང་ཁང་གཞན་དག་གིས་ཀྱང་ལམ་ལུགས་འདི་འདྲ་གཅིག་མཚུངས་ཀྱི་ཐོག་ནས་ལག་ལྟར་བྱེད་སྲིད་པས། རྒྱལ་སྤྱིའི་ AI འགྲན་རྩོད་ཀྱང་སྒོ་འབྱེད་འགྲན་རྩོད་ནས་ས་གནས་རང་བཞིན་གྱི་ཁ་ཐོར་འགྲན་རྩོད་ཅན་དུ་འགྱུར་སྲིད།
ཁུ་ལོ་རིག་ནུས་ཀྱི་བཟོ་ཚོང་ཁང་གིས་འདི་ལྟར་བྱེད་དོན་ཡང་གཅིག་བྱས་ན་ཉེ་ལམ་རྒྱལ་ནང་གི་རིག་ནུས་བཟོ་ཚོང་ཁང་ཁག་ཅིག་གིས་ཁུ་ལོ་རིག་ནུས་ཀྱི་མ་དཔེ་རྐུ་འཁྱེར་བྱས་པའི་གྱོད་གཞི་དེ་དང་འབྲེལ་བ་ཡོད་སྲིད། མ་འོངས་པར་དེ་འདྲའི་གནས་ཚུལ་མ་འབྱུང་བའི་ཆེད་དུ། རྒྱལ་ནང་གི་འཛད་སྤྱོད་པ་ཚོར་ཞིབ་བཤེར་བྱེད་པའི་ལམ་ཁ་འགོ་འཛུགས་བྱས་ཡོད་ངེས།
ཆ་རྐྱེན་གསར་པ་འདི་བཟོས་པ་ལ་བརྟེན་ནས། རྒྱལ་ནང་གི་འཛད་སྤྱོད་པ་མང་པོ་ཞིག་གིས་དྲ་ལམ་དུ་ཡོངས་ཁྱབ་ཀྱི་ཐོག་ནས་རྒྱལ་ཁབ་གཞན་དང་། ལྷག་པར་དུ་ཨ་ཧྥེ་རི་ཁའི་མི་ཚོར་དངུལ་སྤྲད་དེ། ཁོང་ཚོའི་མིང་ཐོག་ནས་ཁུ་ལོ་རིག་ནུས་ཀྱི་ཐོ་ཁོངས་བཟོས་ཏེ་བེད་སྤྱོད་བྱེད་ཐུབ་པའི་གནས་ཚུལ་ཁྱབ་སྤེལ་བྱེད་བཞིན་པའང་མཐོང་རྒྱུ་འདུག་གོ།།