ཏར་འཕྲིན་གཙོ་བདག་འཛིན་བཟུང་།

༢༠༢༤ལོའི་ཟླ ༨ ཚེས ༢༤ ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིའི་ཁྲིམས་ཁང་གིས་ཏར་འཕྲིན་བཀོལ་ཆས་ཀྱི་གཙོ་བདག་པཱ་བིལ་རྡུ་རོ་ཧྥུ་(Pavel Durov)ལགས་ཀྱི་ཐོག་ཏུ་ནག་ཉེས་སྣ་ཚོགས་ཤིག་བཀལ་བ་བརྟེན་ནས། ཁོ་རང་ཧྥ་རན་སིའི་ལེ་ཕོ་ཀེ་གནམ་ཐང་ནས་སྒེར་གྱི་གནམ་གྲུ་ལས་འབབ་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད།

ཉེན་རྟོག་པས་ཁོ་རང་ཉིན་བཞིར་བཀག་ཉར་བྱས་པའི་རྗེས་སུ། ཧྥ་རན་སིའི་ནང་དུ་ཁྲིམས་འགལ་གྱི་ཉེས་མིང་སྣ་ཚོགས་བཀལ་ནས་བརྟག་དཔྱད་དངོས་གཞི་འགོ་འཛུགས་བྱས་ཡོད།
ཁོ་རང་གནས་སྐབས་རིང་གློད་གྲོལ་བཏང་ཡོད་ཀྱང་། ཞིབ་དཔྱོད་པ་ཚོས་ཞིབ་འཇུག་བྱེད་པའི་རིང་ལ་ཁོ་ཧྥ་རན་སིའི་རྒྱལ་མཚམས་བརྒལ་ནས་འགྲུལ་བསྐྱོད་བྱེད་མི་ཆོག་པ་དང་། གཟའ་འཁོར་རེའི་ནང་དུ་ཐེངས་གཉིས་ལ་ཉེན་རྟོག་ལས་ཁུངས་སུ་བསྐྱོད་དགོས་པའི་བཀའ་རྒྱ་ཕབ་ཡོད།

ཁོང་གིས་བྱིས་པའི་འཁྲིག་སྤྱོད་ཀྱི་བརྙན་པར་ཉར་ཚགས་དང་འགྲེམ་སྤེལ་བྱས་པ་དང་། ཉལ་ཐའི་ཚོང་ལས་སྤེལ་བ། གཡོ་ཁྲམ་བྱས་པ། ཁྲིམས་འགལ་གྱི་ཚོང་ལས་གཞན་བྱས་ཡོད་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་ལ། ད་དུང་ཏར་འཕྲིན་ནང་གི་གསང་སྡོམ་གྱི་ཁྱད་ཆོས་དེར་ཡང་ནག་ཉེས་བཙུགས་ཡོད།

པཱ་བིལ་རྡུ་རོ་ཧྥུ་(Pavel Durov)ནི། ཨུ་རུ་སུའི་མི་ཞིག་ཡིན་ལ། ཡོངས་གྲགས་སུ་ཁོས་དྲ་རྒྱའི་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། དྲ་རྒྱའི་རང་དབང་བཀག་སྡོམ་བྱེད་མཁན་གྱི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ༢༠༡༧ ལོར་ཁོ་རང་ཨ་རབ་མནའ་འབྲེལ་རྒྱལ་ཁབ་ཏུ་གནས་སྤོ་བྱས་ཏེ། ཌུ་བྷེ་གྲོང་ཁྱེར་དུ་ཏར་འཕྲིན་གྱི་སྤྱི་ཁྱབ་ལས་ཁུངས་བཙུགས་ཡོད།

ཏར་འཕྲིན་ནི་ཁོང་དང་ཁོང་གི་སྤུན་རྒན་པས་ཕྱི་ལོ ༢༠༡༣ ལོར་གསར་གཏོད་བྱས་པའི་འཕྲིན་གཏོང་མ་ལག་ཅིག་ཡིན་ཞིང་། དེའི་ནང་གི་གཞི་གྲངས་ཀྱི་གསང་བ་ཚད་མཐོ་བོ་ཡོད་པར་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ཁོ་རང་ར་ཞི་ཡ་དང་།(俄罗斯) སན་ཊི་ཁི་ཊི་སི། ནེ་ཝི་སི། (圣基茨和尼维斯)ཨ་རབ་མནའ་འབྲེལ་རྒྱལ་ཁབ།(阿拉伯联合酋长国)ཧྥ་རན་སི་(法国)བཅས་རྒྱལ་ཁབ་བཞིའི་མི་སེར་ཡིན།