རྒྱལ་ཁབ་རིམ་པའི་མི་སྒེར་གྱི་དྲ་སྟེང་གི་ID

དེ་ཡང་པོད་ཕྲན་སྟེང་གི་གནས་ཚུལ་ལ་གཞིགས་ན། སྲིད་གཞུང་གིས་མི་རྣམས་ལ་དྲ་ཐོག་ནས་ངོ་རྟགས་སྤྲོད་རྒྱུའི་སྲིད་ཇུས་ཤིག་འདིང་གི་ཡོད་འདུག་ལ། འཆར་གཞི་དེ་དངོས་སུ་ཚོད་ལྟ་བྱེད་ཆེད། རྒྱལ་ཡོངས་དྲ་རྒྱའི་ངོ་བོ་བདེན་དཔང་ཟེར་བའི་བཀོལ་ཆས(全国网络身份认证APP)་བརྒྱུད་ནས་མི་སྒེར་གྱི་དྲ་ཐོག་གི་ངོ་རྟགས་དེ་ཨང་ཀི་དང་གསལ་བྱེད་ཡི་གེ་ལས་གྲུབ་པ་ཞིག་བཀོལ་སྤྱོད་བྱེད་རྒྱུ་རེད་འདུག

རྒྱལ་ཁབ་གཞན་དང་མི་འདྲ་བར་རྒྱལ་ནང་དུ་དྲ་རྒྱའི་ཞབས་ཞུ་གང་རུང་ཞིག་གི་ཐོག་ཏུ་མིང་ཐོ་འགོད་སྐབས། འཛད་སྤྱོད་པའི་ཡིག་ཟམ་ཨང་གྲངས་དང་ཐོབ་ཐང་དཔང་ཡིག་སོགས་མི་སྒེར་གྱི་གནས་ཚུལ་རྣམས་ངེས་པར་དུ་ཡང་སྤྲོད་བྱེད་དགོས་པ་དང་། ཀྲུང་གོའི་སྤྱི་བདེ་པུའུ་དང་དྲ་རྒྱ་དོ་དམ་ཅུས་(公安部和国家互联网信息办公室)གཉིས་ཀྱིས་གསལ་བསྒྲགས་བྱས་པའི་ཁྲིམས་འཆར་གྱི་ཡིག་ཆའི་ནང་དུ། མི་སྒེར་གྱི་དྲ་ཐོག་གི་ངོ་རྟགས་དེ་བཟོ་དགོས་པའི་དམིགས་ཡུལ་ནི། དྲ་སྟེང་གི་བརྒྱུད་ལམ་འདྲ་མིན་དུ་མི་སྒེར་གྱི་གནས་ཚུལ་ཚད་ལས་བརྒལ་བ་བསྡུ་རུབ་བྱེད་ཀྱི་ཡོད་པ་ཇེ་ཉུང་དུ་བཏང་ནས། མི་སྒེར་གྱི་གནས་ཚུལ་དང་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་གསལ་ཡོད།

དྲ་སྟེང་གི་ངོ་རྟགས་དཔང་ཡིག་དེ་རག་པར། འཛད་སྤྱོད་པས་རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག་དེ་གཞུང་གིས་བཟོས་པའི་APP་ནང་དུ་ཡར་འཇུག་བྱེད་དགོས་པར་མ་ཟད། རང་ཉིད་ཀྱི་ངོ་གདོང་བཤེར་ཏེ་ངོ་བོ་ར་སྤྲོད་བྱེད་དགོས་ལ། ད་དུང་རང་གི་ཁ་པར་ཨང་གྲངས་དང་དངུལ་བྱང་སོགས་ལའང་སྦྲེལ་དགོས་ཀྱི་ཡོད་པ་རེད། དེ་བས། ཆིན་ཧྭ་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་གི་སློབ་དཔོན་ཆེན་མོ་ ལོ་ཏུང་ཡན་(劳东燕)གྱིས། པོད་ཕྲན་སྟེང་དུ། གྲོས་འཆར་དེའི་་དམིགས་ཡུལ་ལྟེ་བ་ནི་མི་སྒེར་གྱི་དྲ་སྟེང་གི་གཏམ་བཤད་དང་སྤྱོད་ལམ་ལ་སྟངས་འཛིན་དམ་པོ་བྱེད་རྒྱུ་དེ་ཡིན་པ་ལས། སྒེར་གྱི་གནས་ཚུལ་སྲུང་སྐྱོབ་བྱེད་རྒྱུ་དེ་མ་རེད་ཅེས་བསམ་ཚུལ་སྤེལ་ཡོད།


བཀོལ་ཆས་དེ་བརྒྱུད་ནས། མི་སྒེར་གྱི་དྲ་མྱུལ་གྱི་ལོ་རྒྱུས་དང་རྗེས་ཤུལ་ཡོད་ཚད་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་སྟབས། འདི་ནི་ཐོག་མར་དོགས་ཡོད་ཉེས་ཅན་པར་དམིགས་པའི་རྩད་གཅོད་ཀྱི་ཐབས་ལམ་དེ་མི་དམངས་སྤྱི་ཡོངས་ཀྱི་ཐོག་ཏུ་རྒྱ་བསྐྱེད་བྱས་པ་དང་གཅིག་མཚུངས་རེད་ཅེས་བརྗོད་འདུག དུས་ད་ལྟའི་ཆར། མི་སྒེར་ལ་དྲ་ཐོག་ཏུ་ངོ་རྟགས་སྤྲོད་པའི་གྲོས་འཆར་དེའི་ནང་དུ། ངོ་རྟགས་དེ་དང་བླངས་གཞིར་བཞག་གི་ཐོག་ནས་སྤྲོད་རྒྱུ་ཡིན་ཞེས་གསལ་ཡོད་ཀྱང་། ལོ་འགའ་ཤས་གོང་དུ་ངོ་གདོང་བཤེར་དགོས་པའི་གྲོས་འཆར་དེ་ཡང་དང་ཐོག་དང་བླངས་བཟོས་ཀྱང་། ད་ཆ་ཕྱོགས་གང་སར་ངོ་གདོང་མི་བཤེར་ཐབས་མེད་ཆགས་ཡོད་ཅེས་ཁྲིམས་ལུགས་མཁས་ཅན་མོས་བརྗོད་ཡོད།

ཕྱི་ལོ ༢༠༡༠ ལོ་ནས་བཟུང་། ལག་འཁྱེར་ཁ་པར་ཨང་གྲངས་ལ་མིང་ངོ་མ་སྤྲོད་དགོས་པའི་ལམ་ལུགས་གཏན་འབེབས་བྱས་པ་དང་། ཕྱི་ལོ ༢༠༡༧ ལོ་ནས་བཟུང་རྒྱལ་ཡོངས་སུ་དྲ་རྒྱའི་ཞབས་ཞུ་ཚང་མའི་ཐོག་ཏུ་མིང་ངོ་མ་འགོད་དགོས་པའི་ལམ་ལུགས་གཏན་འབེབས་བྱས་ཡོད་སྟབས། རྒྱལ་ཡོངས་ཀྱི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་དུང་ཕྱུར་བཅུ་ཕྲག་ལྷག་གིས། དྲ་རྒྱའི་ཞབས་ཞུ་གཙོ་བོ་ཁག་གི་ཐོག་ཏུ་མི་སྒེར་གྱི་གནས་ཚུལ་སྣ་ཚོགས་བཀོད་ཡོད་པ་སྟེ། དཔེར་ན། ཐོབ་དཔང་ཨང་གྲངས་དང་་། མིང་། ཁ་པར་ཨང་གྲངས། ངོ་གདོང་གི་སྐྱེ་དངོས་ཁྱད་རྟགས་བཅས་ཚུད་ཡོད།

དགེ་མཚན།

  • གཞུང་གི་ཞབས་ཞུ་དང་དངུལ་ཁང་སོགས་ལས་ཁུངས་དང་འབྲེལ་བའི་ལས་ཀ་སོགས་སྟབས་བདེ་རུ་གཏོང་ཐུབ།
  • རང་གི་ངོ་བོ་བདེན་དཔང་བྱེད་པར། ཐོབ་དཔང་སོགས་ལག་ཁྱེར་མང་པོ་དངོས་སུ་ལག་ཏུ་འཁྱེར་མི་དགོས།
  • རང་གི་ངོ་བོ་བདེ་འཇགས་ངང་ར་སྤྲོད་བྱེད་ཐུབ་པ་དང་། དྲ་ཐོག་གི་ངོ་བོ་གཡོ་བརྫུ་བྱེད་པའི་ལས་ངན་པའི་རིགས་སྔོན་འགོག་བྱེད་ཐུབ།
  • ད་ལྟར་ཆར། མ་ལག་དེར་མིང་ཐོ་འགོད་མིན་དང་བླངས་ཡིན།

སྐྱོན་ཆ།

  • གཞུང་གི་དྲ་རྒྱའི་IDམ་ལག་དེ་དྲ་རྒྱའི་འཇབ་རྒོལ་གྱི་དམིགས་འབེན་(蜜罐)ཆགས་སྲིད་པས། མང་ཚོགས་ཀྱི་དྲ་ཐོག་གི་གནས་ཚུལ་ལ་གཏོར་བརླག་ཆེན་པོ་ཐེབས་སྲིད།
  • མི་སྒེར་གྱི་དྲ་སྟེང་གི་སྐད་ཆ་དང་བྱ་སྤྱོད་ལ་གཞུང་གིས་འདོད་པ་མ་ཁེངས་ཚེ། གཞུང་གིས་མི་དེ་དྲ་སྟེང་ནས་བཀག་འགོག་བྱེད་ཐུབ།
  • མ་ལག་དེ་མང་ཚོགས་ལ་ལྟ་རྟོག་བྱེད་པའི་ཆེད་དུ་བེད་སྤྱོད་གཏོང་སྲིད།
  • མ་ལག་དེ་ལག་བསྟར་བྱས་ཚེ། གཞུང་གིས་མི་སྒེར་གྱི་དྲ་མྱུལ་གྱི་ལོ་རྒྱུས་དང་། དྲ་སྟེང་ནས་མི་སུ་དང་འབྲེལ་བ་བྱས་མེད་ཀྱི་ཟིན་ཐོ་སོགས་ཉར་ཚགས་བྱེད་ངེས།
  • དྲ་སྟེང་ནས་ཁྱེད་རང་རྗེས་འདེད་གཏོང་སྲིད།
  • གསང་རྒྱ་དང་ངོ་བོ་སྦ་གསང་བྱེད་ཐབས་བྲལ།
Leave a Reply

Your email address will not be published. Required fields are marked *