གནས་ཚུལ་ཡོངས་ཁུངས་་ཁ་ཤས་ལ་གཞིགས་ན། ཟླ་བ་དགུ་པའི་ནང་འགྲེམ་སྤེལ་བྱེད་འཆར་གཞི་ཡོད་པའི་ཀུ་ཤུ་ཁ་པར་ཐོན 16་དེ་ཀུ་ཤུ་ཁ་པར་iPhone 15 དང་ཁྱད་པར་ཆེན་པོ་མེད་པ་འདྲ། ཡིན་ནའང་། ཀུ་ཤུ་བཟོ་ཚོང་ཁང་གིས་༢༠༢༥ལོའི་ཆེད་དུ། གལ་ཆེ་བའི་ལས་དོན་སྒྲུབ་བཞིན་ཡོད་ཅེས་བརྗོད་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གིས་ལོ་རྗེས་མར་འདོན་སྤེལ་བྱེད་འཆར་ཡོད་པའི་iPhone 17 དེ་ནི། དུས་ད་ལྟའི་བར་འདོན་སྤེལ་བྱས་པའི་ཀུ་ཤུའི་ཁ་པར་ཚང་མའི་ནང་ནས་ཆེས་སྲབ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
ཁ་པར་གྱི་ཚོང་རྟགས་འདྲ་མིན་ཁག་གི་ནང་དུ་ཁྱད་ཆོས་སྣ་མང་ཁ་སྣོན་བྱས་པའི་རྒྱུ་མཚན་གྱིས། ཁ་པར་རང་བཞིན་གྱིས་ཐོག་ནས་མཐུག་པོ་ཆགས་འགོ་ཚུགས་པ་རེད། ཚད་མཐོ་བའི་ལག་རྩལ་དང་གསར་གཏོད་ཀྱི་ནུས་པ་ལ་བརྟེན་ནས་ད་གཟོད་ཁ་པར་ཇེ་སྲབ་ཏུ་གཏོང་ཐུབ་ཀྱི་ཡོད། ཀུ་ཤུ་ཁ་པར་ཐོན་iPhone 17་ནི། དེ་འདྲའི་ཚད་མཐོའི་ལག་རྩལ་བཀོལ་ཏེ་བཟོ་འཆར་ཡོད་པའི་གསར་གཏོད་རང་བཞིན་གྱི་ཁ་པར་ཞིག་ཡིན་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད། ཀུ་ཤུ་ཁ་པར་ཐོན་རིམ་ 17 ནི། ཀུ་ཤུ་ཐོན་རིམ་ iPhone X (ཁ་པར་ཐོན་རིམ་10་པའི་མདུན་ངོས་སུ་མཛུབ་མོས་གནོན་རྒྱུ་ཅི་ཡང་མེད་པར་བཟོས་པ་མ་ཟད། གདོང་རིས་བཤེར་ནས་ཁ་པར་ཁ་འབྱེད་ཐུབ་པའི་ཁྱད་ཆོས་གསར་པ་བཟོས་ཡོད།)ནང་བཞིན་གལ་ཆེན་པོ་ཆགས་ཀྱི་ཡོད།
དེང་སང་གི་ཀུ་ཤུ་ཁ་པར་མང་ཆེ་བ་སྲབ་པོ་ཡོད། འོན་ཀྱང་། པར་ཆས་ཀྱིས་དབང་གིས་ཁ་པར་མཐུག་པོ་ཆགས་ཀྱི་ཡོད། དཀའ་ངལ་དེ་སེལ་བའི་ཆེད་དུ་iPhone 17 གྱི་པར་ཆས་ཀྱི་བཟོ་བཀོད་མི་འདྲ་བ་ཞིག་འཆར་འགོད་བྱེད་ཀྱི་ཡོད་ངེས།
སྙན་ཐོ་ཁ་ཤས་ཀྱི་ནང་དུ་iPhone 17 Air ལ་པར་ཆས་གསུམ་དང་། ཡང་ན་ཉུང་མཐར་ཡང་གཉིས་ཡོད་ཅེས་བརྗོད་ཡོད་ཀྱང་། དབྱེ་ཞིབ་པ་མིང་ཆི་ཀུའོ་ཡིས་པར་ཆས་གཅིག་ལས་མེད་ཅེས་བརྗོད་ཡོད། དེ་བཞིན་iPhone 17 Air ནི་ཀུ་ཤུ་ཁ་པར་ཐོན་རིམ་ཚང་མའི་ནང་གི་རང་ཉིད་པར་ལེན་གྱི་ཤུགས་ཚད 24 MP ཅན་ཡིན་པའི་ཁ་པར་ཐོག་མ་དེ་ཆགས་ཀྱི་ཡོད་འདུག
ཁ་པར་མཐུག་པོ་ཆགས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི། ཁ་པར་གྱི་གློག་རྫས་ལ་ཐུག་ཡོད། དེར་བརྟེན། ཀུ་ཤུ་ཁ་པར་ཐོན17་པའི་གློག་རྫས་ཀྱི་རྫས་སྦྱོར་ལ་འགྱུར་བ་བཏང་སྟེ། གློག་གི་འདང་ཚད་ལ་ཤུགས་རྐྱེན་མ་སྤྲད་པའི་ཐོག་ནས་གློག་རྫས་ཀྱི་བོངས་གཟུགས་ཆུང་དུ་གཏོང་ངེས།