SearchGPTའཚོལ་བཤེར་མ་ལག

OpenAI སྤྱི་གཉེར་ཁང་གིས་དྲ་ལམ་དུ་དྲི་བ་འདོན་སྐབས། དུས་ཐོག་ཏུ་ལན་འདེབས་བྱེད་ཐུབ་པའི་SearchGPTའཚོལ་བཤེར་མ་ལག་ཅིག་གསར་གཏོད་བྱས་འདུག

ཞིབ་འཇུག་ཁང་འདིས་གསར་གཏོད་བྱས་པའི་མིས་བཟོས་རིག་ནུས་ཀྱི་འཚོལ་བཤེར་གྱི་མྱོང་བའི་རྣམ་པ་གསར་པ་འདི་ནི། གྷོ་གྷིལ་བཟོ་ཚོང་གི Google འཚོལ་བཤེར་མ་ལག་དང་ཐད་ཀར་འགྲན་རྩོད་བྱེད་པའི་ལས་གཞི་ཞིག་ཆགས་ཡོད།

SearchGPTའཚོལ་བཤེར་མ་ལག་དེ་དང་ ChatGPT འཕྲུལ་མིའི་གླེང་མོལ་དྲ་ཚིགས་གཉིས་ཀའི་བར་ལ་ཁྱད་པར་ཆེན་པོ་ཞིག་མེད། ཁྱོད་ཀྱིས་དྲི་བ་ཞིག་བཏོན་རྗེས། འཕྲུལ་མིའི་གླེང་མོལ་བྱེད་སའི་དྲྭ་ཚིགས་བརྒྱུད་ནས་དྲ་སྟེང་གི་གནས་ཚུལ་དང་པར་རིས། ད་དུང་། འབྲེལ་ཡོད་ཀྱི་དྲྭ་ཚིགས་གཞན་པའི་སྟེང་གི་ཆ་འཕྲིན་ཁག་ཕྱོགས་བསྡུས་བྱས་ཏེ། ཁྱེད་ཀྱི་དྲི་བར་ལན་འདེབས་བྱེད་ངེས། དྲིས་ལན་ཁ་གསལ་པོ་མ་ཆགས་ཚེ། དེ་འབྲེལ་གྱི་དྲི་བ་རྗེས་མ་ཁག་མུ་མཐུད་ནས་འདྲི་ཆོག

དྲ་སྟེང་ནས་གནས་ཚུལ་འཚོལ་བཤེར་བྱས་ཏེ། རང་ལ་དགོས་པའི་དྲིས་ལན་རག་ཐབས་བྱེད་པར་དཀའ་ཚེགས་ཆེན་པོ་ཡོད་པ་བཞིན། མིས་བཟོས་རིག་ནུས་ཀྱི་མ་དཔེ་ཁྲོད་ཀྱི་གླེང་མོལ་གྱི་ནུས་པ་དེ་གོང་མཐོར་བཏང་ཚེ། དྲ་སྟེང་ནས་གནས་ཚུལ་གང་བཙལ་ཡང་མགྱོགས་པོ་དང་ལས་སླ་པོའི་ཐོག་ནས་རྙེད་ཐུབ་ཀྱི་ཡོད། འོན་ཀྱང་། མིས་བཟོས་རིག་ནུས་ཀྱི་མ་ལག་འདིས་དྲ་སྟེང་གི་གནས་ཚུལ་ཡོད་དོ་ཅོག་ཕྱོགས་བསྡུས་བྱས་ཏེ། དེའི་ནང་གི་འབྲེལ་ཡོད་ཀྱི་ནང་དོན་གཙོ་བོ་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་གི་ལས་ཀར་གནོད་སྐྱོན་གཏོང་གི་ཡོད། གང་ཡིན་ཞེ་ན། གཅིག་ནས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འཚོལ་བཤེར་བྱེད་མཁན་གྱི་གྲངས་འབོར་རང་བཞིན་གྱིས་ཐོག་ནས་ཉུང་དུ་འགྲོ་བ་དང་། གཉིས་ནས། མིས་བཟོས་རིག་ནུས་ཀྱི་མ་ལག་འདིས་གནས་ཚུལ་གང་རུང་གི་ཡོངས་ཁུངས་དང་། ཆ་འཕྲིན་གང་རུང་གི་བདག་དབང་ལ་ཆེ་མཐོང་དང་ངོས་འཛིན་དེ་ཙམ་བྱེད་ཀྱི་མེད། དེ་བས། ཚོང་ལས་སྡེ་ཁག་གཞན་དག་གིས་སེམས་འཚབ་དང་ངོ་རྒོལ་བྱེད་ཀྱི་ཡོད།

OpenAI སྤྱི་གཉེར་ཁང་གིས་གནད་དོན་དེ་གཙིར་ཆེར་བཟུང་སྟེ། SearchGPT ནང་གི་འཚོལ་བཤེར་གྱི་ནང་དོན་གང་རུང་མཁོ་འདོན་བྱེད་སྐབས། གནས་ཚུལ་ཡོངས་ཁུངས་ཁ་གསལ་འགོད་རྒྱུ་ཡིན་པ་བརྗོད་ཡོད་ལ། གསར་འགྱུར་སྡེ་ཁག་དང་དཔེ་སྐྲུན་ཁང་སོགས་དང་མཉམ་འབྲེལ་བྱས་ཏེ། འཚོལ་བཤེར་གྱི་གྲུབ་འབྲས་དོ་དམ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད།

གསར་གཏོད་རང་བཞིན་གྱི་མ་ལག་འདི་ད་ཆ་ཚོད་ལྟའི་གནས་སྐབས་སུ་ཡོད་སྟབས། གནས་སྐབས་ཀྱི་དཔེ་གཞི་འདི་ད་ལྟ་ChatGPT བཀོལ་སྤྱོད་བྱེད་མཁན་གྱི་མི་ཉུང་ཤས་ཤིག་དང་། དེ་འགྲེམས་སྤེལ་བྱེད་མཁན་གྱི་མཉམ་ལས་བྱེད་པོ་ཚོའི་ཁྲོད་དུ་ཚོད་ལྟ་དང་བསམ་ཚུལ་བསྡུ་ལེན་བྱེད་བཞིན་ཡོད། འོན་ཀྱང་། ལས་གཞི་འདིའི་སྐོར་ལ་ཤེས་འདོད་ཡོད་མཁན་གྱི་མི་རྣམས་ཀྱང་སྒུག་ཐོའི་ནང་དུ་ཞུགས་ཆོག་གི་ཡོད།

Leave a Reply

Your email address will not be published. Required fields are marked *