དྲ་སྟེང་དུ་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ལོ་༢༠༢༤་ལོར། ཀུ་ཤུ་བཟོ་ལས་ཁང་གིས་ཁ་པར་ནང་གི་ཁྱད་ཆོས་ཁག་ཅིག་རིམ་པ་བཞིན་དུ་འདོན་སྤེལ་བྱ་འཆར་ཡོད་འདུག ཁྱད་ཆོས་གསར་པ་དེ་དག་གང་རེད་ཟེར་ན།
༡ ༽ རྐུ་འཁྱེར་བྱས་པའི་ཁ་པར་སྲུང་སྐྱོབ།
བོལ་སི་ཁྲི་རོས་ཁྲི་(Wall street)ཚགས་པར་གྱི་ནང་དུ་གནས་ཚུལ་ཐོན་གསལ་ལྟར་ན། རྐུན་མ་ཚོས་མི་མང་འདུ་འཛོམས་བྱེད་ས་སྟེ། ཇ་ཁང་དང་ཆང་ཁང་སོགས་སུ། འཛད་སྤྱོད་པའི་ཁ་པར་མ་བརྐུ་བའི་སྔོན་ལ། མི་དེའི་ཁ་པར་གྱི་ནང་འཛུལ་གསང་གྲངས་ག་རེ་ཡིན་མིན་ལྐོག་ལྟ་བྱེད་ཀྱི་ཡོད་པ་བརྗོད་འདུག འཛད་སྤྱོད་པའི་ཁ་པར་གྱི་ནང་འཛུལ་གསང་གྲངས་ཤེས་ན། རྐུན་མས་འཛད་སྤྱོད་པའི་ཀུ་ཤུ་བིམ་མཛོད་(Apple ID)ཀྱི་གསང་གྲངས་བརྗེ་ཐུབ་ལ། ངའི་ཁ་པར་འཚོལ་ཟེར་བའི་ཁྱད་ཆོས་སྒོ་རྒྱག་ཐུབ་པ་མ་ཟད། འཛད་སྤྱོད་པས་སྤྲིན་མཛོད་ཀྱི་ནང་དུ་ཉར་ཚགས་བྱས་པའི་གསང་བའི་ཡིག་ཆ་དང་པར། བརྙན་རིགས་ལའང་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད། མདོར་ན། རྐུན་མས་འཛད་སྤྱོད་པའི་ཁ་པར་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་ནུས་པས། ཀུ་ཤུ་ཁ་པར་ནང་གི་རྐུ་འཁྱེར་བྱས་པའི་ཁ་པར་སྲུང་སྐྱོབ་ཀྱི་ཁྱད་ཆོས་གསར་པ་དེ་ནི་དཀལ་ངལ་དེ་སེལ་བྱེད་ཀྱི་ཕན་ནུས་ལྡན་པའི་ཐབས་ལམ་གསར་པ་ཞིག་ཆགས་ཡོད་ལ། རྐུན་མས་འཛད་སྤྱོད་པའི་ཁ་པར་བརྐུས་པ་མ་ཟད། འཛད་སྤྱོད་པའི་ཁ་པར་གྱི་ནང་འཛུལ་གསང་གྲངས་ཀྱང་རག་ཚར་ཡོད་པའི་གནས་སྟངས་དེ་འདྲར་དམིགས་ཏེ་འཆར་འགོད་བྱས་པའི་བདེ་འཇགས་ཀྱི་རིམ་པ་འཕར་མ་ཞིག་ཡིན་འདུག
ཁྱད་ཆོས་འདི་སྒོ་ཕྱེ་ན། གཤམ་གྱི་བྱེད་ལས་འདི་དག་རྩོམ་པར་མཛུབ་རིས་དང་གདོང་རིས་བརྒྱུད་ནས་འཛད་སྤྱོད་པའི་ངོ་བོ་བདེན་དཔང་བྱེད་དགོས་ཀྱི་ཡོད།
- སྤྲིན་མཛོད་(icloud)ཀྱི་ནང་དུ་ཉར་བའི་ཡིག་ཆ་ལྟ་ཀློག་བྱེད་པ་དང་།
- ཁ་པར་བོར་བརླག་གི་ཁྱད་ཆོས་སྒོ་རྒྱག་པ།
- ཁ་པར་ནང་གི་ཡིག་ཆ་ཡོད་དོ་ཅོག་གསུབ་པ།
- ཀུ་ཤུ་ཁ་པར་ནང་གི་དངུལ་ཁུག་ནང་གི་དངུལ་འདོན་པ།
- ཁ་པར་ནང་དུ་ཉར་ཚགས་བྱས་པའི་དངུལ་བྱང་བཀོལ་བ་དང་།
- ཁ་པར་བསྐྱར་སྒྲིག་བྱེད་པ་སོགས་སོ།།
ཀུ་ཤུ་བིམ་མཛོད་ཀྱི་གསང་གྲངས་བརྗེ་བར། གདོང་རིས་བཤེར་ཚར་བའི་རྗེས་སུའང་། ད་དུང་དུས་ཚོད་གཅིག་གི་རིང་ལ་གསང་གྲངས་བརྗེ་སྒྱུར་གྱི་བྱེད་ལས་འགོར་འགྱངས་བྱེད་ངེས། དུས་ཚོད་གཅིག་གི་རྗེས་སུ། བསྐྱར་དུ་སོ་སོའི་ངོ་གདོང་བཤེར་ན་ད་གཟོད་བིམ་མཛོད་ཀྱི་གསང་གྲངས་བརྗེ་ཐུབ་ཀྱི་ཡོད། འོན་ཀྱང་། ཀུ་ཤུ་བཟོ་ཚོང་ཁང་གིས་བརྗོད་ན། ཀུ་ཤུ་ཁ་པར་དེ་འཛད་སྤྱོད་པའི་ཁྱིམ་དང་ལས་གནས་ལྟ་བུར་ཡོད་ཚེ། དུས་ཡུན་ཆུ་ཚོད་གཅིག་རིང་གི་འགོར་འགྱངས་དེ་མི་བྱེད་ཟེར།
ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་ 17.3་ཐོག་ཏུ་བསྒྱུར་ཚར་ཡོད་མཁན་གྱི་འཛད་སྤྱོད་པ་ཚོས་རྐུ་འཁྱེར་བྱས་པའི་ཁ་པར་སྲུང་སྐྱོབ་ཀྱི་ཁྱད་ཆོས་དེ་ཁ་པར་གྱི་སྒྲིག་འགོད་ནང་གི་ངོ་གདོང་ ID དང་ མཛུབ་རིས ID ཁོངས་ནས་མཐོང་ཐུབ་ཀྱི་ཡོད་པ་གོང་གིི་པར་རིས་ནང་དུ་གསལ་སྟོན་བྱས་ཡོད།
༢ ༽ མགྲོན་ཁང་དུ་AirPlay ཁྱབ་གཏོང་།
ཀུ་ཤུའི་ཉེར་སྤྱོད་མ་ལག་ཐོན་18 པའི་ནང་གི་Airplay ཁྱབ་གཏོང་ཟེར་བའི་ཁྱད་ཆོས་འདི་སྤྱད་དེ། འཛད་སྤྱོད་པ་ཚོས་མགྲོན་ཁང་ནང་གི་བརྙན་འཕྲིན་གྱི་བཤེར་རིས་བཤེར་བའི་ཐོག་ནས། སྐུད་མེད་ཀྱི་ལམ་ནས་བརྙན་འཕྲིན་གྱི་འཆར་ཤེལ་དེ་རང་ཉིད་ཀྱི་ཁ་པར་ནང་བཞིན་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། དེ་ཙམ་མ་ཟད། རླངས་འཁོར་གྱི་འཆར་ཤེལ་ཡང་རང་ཉིད་ཀྱི་ཁ་པར་གྱི་འཆར་ངོས་ནང་བཞིན་བཟོ་ཐུབ་ཀྱི་ཡོད།
༣ ༽ བཀོལ་ཆས་ཟུར་འཇུག་གི་ཆོག་མཆན།
ཡུ་རོབ་མཉམ་འབྲེལ་རྒྱལ་ཁོངས་སུ་བཀོལ་ཆས་ཟུར་འཇུག་གི་ཆོག་མཆན།
འཛམ་གླིང་ནང་རྒྱལ་ནང་གི་ཀུ་ཤུ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཁོ་ནས། ཀུ་ཤུ་ཁ་པར་གྱི་གཞུང་འབྲེལ་བཀོལ་ཆས་ཕབ་ལེན་བྱ་སའི་བིམ་མཛོད་(APP Store)མ་ཡིན་པའི་གནས་གཞན་སྟེ། ཨེ་སི་(爱思助手)ལྟ་བུ་སྤྱད་ནས་བཀོལ་ཆས་སྣ་ཚོགས་ཕབ་ལེན་བྱེད་ཆོག་གི་ཡོད། ཡུ་རོབ་མཉམ་འབྲེལ་(欧洲联盟)གྱི་འཕྲུལ་རིག་གི་ཁྲོམ་རའི་ཁྲིམས་སྒྲིག་ལ་བརྩི་སྲུང་བྱེད་དགོས་པའི་གནོན་ཤུགས་འོག ཀུ་ཤུ་ཁ་པར་གྱི་མ་ལག་ཐོན་18 པ་ནས། ཡུ་རོབ་གནས་སྡོད་ཀྱི་ཀུ་ཤུ་འཛད་སྤྱོད་པ་ཚོས། བིམ་མཛོད་མ་ཡིན་པའི་གནས་གཞན་ནས་བཀོལ་ཆས་ཟུར་འཇུག(侧面加载应用)་བྱེད་ཐུབ་ཀྱི་ཡོད།
༤ ༽ མིས་བཟོས་འཁོར་སྐར་གྱི་ལམ་འགྲམ་རོགས་རམ་ཞབས་ཞུ།
ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་༡༧་བཀོལ་བཞིན་ཡོད་པའི་ཀུ་ཤུ་ཁ་པར་ཐོན་༡༤་དང་༡༥་ནང་དུ་ལམ་འགྲམ་གྱི་རོགས་རམ་ཞབས་ཞུ་དེ་ཁ་སྣོན་བྱས་ཡོད་པས།ཨ་རི་ནང་དུ་གནས་སྡོད་བྱེད་མཁན་གྱི་འཛད་སྤྱོད་པ་ཚོས། ཁ་པར་གྱི་བརྡ་རྟགས་མེད་ས་དང་སྐུད་མེད་དྲ་བ་མེད་ས་ནས། ལམ་འགྲམ་གྱི་རོགས་རམ་ཞབས་ཞུ་དེ་སྤྱོད་ཐུབ་ཀྱི་ཡོད།
དཔེར་ན། རླངས་འཁོར་སྣུམ་རྫོགས་པ་དང་། སྐྱོན་ཤོར་བའི་གནས་སྐབས་སུ། ཁ་པར་ནང་དུ་བརྡ་རྟགས་མེད་རུང་། ཐད་ཀར་ཁ་པར་ནང་ནས་མཛུབ་གནོན་ཐེངས་གཅིག་གིས་ཛ་དྲག་གི་རོགས་རམ་ཞུ་ཐུབ་ཀྱི་ཡོད། ཞབས་ཞུ་དེ་དང་ཐོག་ཨ་རིའི་ནང་དུ་མཁོ་སྤྲོད་བྱས་ཏེ། རིམ་བཞིན་རྒྱལ་ཁབ་གཞན་གྱི་ནང་དུ་ཁྱབ་སྤེལ་གཏོང་རྒྱུ་རེད་འདུག
༥ ༽ འཕྲིན་ཐུང་གི་ཞབས་ཞུ།
ཀུ་ཤུ་ཁ་པར་ཕན་ཚུན་གྱི་བར་དུ་འཕྲིན་ཐུང་་གཏོང་བ་དང་། iMessage་བརྒྱུད་ནས་བརྙན་གྱི་ལམ་ནས་ཁ་བརྡ་བྱེད་ཐུབ་པ་དེ། རིམ་བཞིན་ཀུ་ཤུ་དང་ཨན་ཌོ་བར་དུ་ཚད་ལྡན་གྱི་ཐོག་ནས་སྤྱོད་ཐུབ་པ་བཟོ་ངེས་པ་མ་ཟད། གླེང་མོལ་གྱི་ཁྲོད་དུ་སྣེ་གཉིས་བར་གྱི་གསང་སྡོམ་(端到端加密)གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་རྒྱུ་རེད། སྣེ་གཉིས་བར་གྱི་གསང་སྡོམ་ནི། དེང་གི་དུས་ཀྱི་ཆ་འཕྲིན་བརྒྱུད་གཏོང་བྱེད་ཐབས་ཀྱི་བདེ་འཇགས་ཀྱི་ལམ་ཁ་ཞིག་ཡིན་ལ། སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་མཁན་གྱི་དྲ་ལམ་སྡིངས་ཆ་ཞིག་ཡིན་ཚེ། སྡིངས་ཆ་དེའི་སྟེང་དུ་ཁ་བརྡ་བྱས་པའམ། ཆ་འཕྲིན་གང་བཏང་བ་ཁག་གཞན་གྱིས་བར་གཅོད་དང་ལྐོག་ལྟ་བྱེད་མི་ནུས།
བརྡ་རྟགས་དང་འཛོམས་བཀོལ་ཆས་ལྟ་བུས་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག་ལ། རྒྱལ་ནང་གི་བཀོལ་ཆས་蝙蝠 དང་། BF messenger འདི་གཉིས་ཀྱིས་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད་ཟེར་རུང་དོན་དངོས་ཡིན་མིན་བཤད་དཀའ།
༦ ༽ Siri སྐད་སྒྲ་ངོས་འཛིན་ཞབས་ཞུ།
ཀུ་ཤུ་ཁ་པར་ནང་གི་སྐད་སྒྲ་ངོས་འཛིན་གྱི་ཞབས་ཞུ་འདི་བརྒྱུད་ནས། ནམ་རྒྱུན་སོ་སོའི་དྲི་བ་ཁག་གི་དྲིས་ལན་བཙལ་ཐུབ་ཀྱི་ཡོད་ལ། དེ་མིན་གྱི་ཞབས་ཞུ་མང་དག་ཅིག་ཀྱང་སྟབས་བདེའི་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད། མ་ལག་ཐོན་གསར་པའི་ནང་དུ། མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་ཁ་སྣོན་བྱས་ཏེ། Siri སྐད་སྒྲ་ངོས་འཛིན་ཞབས་ཞུའི་བྱེད་ལས་དང་ནུས་སྟོབས་སྔར་ལས་ཀྱང་ཆེ་རུ་གཏོང་རྒྱུ་རེད་འདུག