སྨོན་ལམ་རིག་ནུས་ཀྱི་མདུན་མཆོང་གི་གོམ་པ།

སྤྱི་ལོ་༢༠༢༤་གསར་དུ་ཚེས་པ་དང་ལྷན། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དགེ་བཤེས་སྨོན་ལམ་ལགས་ཨ་རིའི་ནང་གི་མིས་བཟོས་རིག་ནུས་ཀྱི་ལྟེ་གནས་ཁང་དང་སློབ་གྲྭ་ཆེ་ཁག་ཏུ་བསྐྱོད་དེ། སྨོན་ལམ་རིག་ནུས་དང་ལྟེ་གནས་ཁང་དེ་དག་གི་བར་དུ་མཉམ་ལས་བྱེད་པའི་ལས་འཆར་དངོས་སུ་འགོ་བཙུགས་འདུག

དེ་ཡང་། ཟླ་༡་པོའི་ཚེས་༢༢ ཉིན་ལ། གྷོ་གྷིལ་(谷歌)ལས་ཁུངས་ལྟེ་བ་རུ་བོད་ཀྱི་སྐད་ཡིག་རིག་གཞུང་ནང་ཆོས་བཅས་དང་འབྲེལ་བའི་དེང་རབས་འཕྲུལ་ལས་ཁྲོད་ཚད་ལྡན་དང་མཉམ་ལས་ཡོང་ཐབས་ལ་ཚོགས་འདུ་འཚོགས་ཏེ། གྷོ་གྷིལ་གྱི་ཨན་ཌོ་མ་ལག་ (安卓) དང་། Chromebook, google doc མ་ལག་སོ་སོ་བོད་ཡིག་ཅན་དུ་བསྒྱུར་ཐབས་དང་། མ་ལག་དེ་དག་ཏུ་སྨོན་ལམ་ཡིག་གཟུགས་དང་རང་འགུལ་ཡིག་གཏག (autocorrect) ཚིག་མཛོད་བཅས་འཇུག་ཐབས་ལ་གྲོས་མོལ་ལྷུག་པོ་བྱུང་ཡོད་འདུག

ཟླ་༡་པོའི་ཚེས་༢༥་ཉིན་ལ། ཨ་རིའི་བྷིར་ཁི་ལེ་(伯克利)སློབ་གྲྭ་ཆེན་མོའི་རིག་ནུས་ཞིབ་འཇུག་ཚོད་ལྟ་ཁང་དུ་ (Berkeley AI Research Lab) ་ཚོགས་འདུ་བསྐོངས་ཚོགས་བྱས་ཏེ་མཉམ་ལས་ཀྱི་ལས་འཆར་་ཡར་རྒྱས་གཏོང་ཐབས་དང་། སྐད་གཅིག་སྐད་གཞན་ཞིག་ལ་ཐད་ཀར་བསྒྱུར་བའི་ཐབས་ལམ་སྐོར་དང་། ངོ་དེབ་ལྷན་ཁང་གིས་མཐུན་འགྱུར་རམ་མཉམ་ལས་བྱ་རྒྱུའི་གོ་སྐབས་སྐོར། དེ་མིན་དྲ་སྦྲེལ་མི་དགོས་པར་ཁ་པར་ནས་ཐད་ཀར་ཡིག་སྒྱུར་བྱེད་ཐུབ་པའི་འཕྲུལ་ལས་བཟོ་སྐྲུན་ཐད་ལ་གྲོས་བསྡུར་བྱས་འདུག་ལ། 

ཚེས་༢༩་ཉིན། སི་ཊན་ཧྥོར་ཌི་གཙུག་སློབ་ཆེན་(斯坦福大学)གྱི་འགྲོ་བ་མིར་གཙོ་བོ་འཛིན་པའི་མིས་བཟོས་རིག་ནུས་ཞིབ་འཇུག་ཁང་(Stanford University Human-Centered Artificial Intelligence) གི་འགན་འཛིན

དང་། མིས་བཟོས་རིག་ནུས་ཆེད་མཁས་ཚན་རིག་པ་སྙན་གྲགས་ཅན་ཏེ། “Godmother of A.I.” ཞེས་པའི་མཚན་གནས་ཅན་ཧྥི་ཧྥི་ལི་ (Fei-Fei Li)ལས་ཁུངས་སུ་ཚོགས་འདུ་གོ་སྒྲིག་བྱས་ཏེ། མིས་བཟོས་རིག་ནུས་ཀྱི་བཟང་སྤྱོད་དང་། བོད་ཀྱི་ཆོས་རིག་བར་གྱི་འབྲེལ་ལམ། མ་འོངས་མཉམ་ལས་བྱེད་ཕྱོགས་བཅས་ལ་གྲོས་མོལ་ལྷུག་པོ་བྱུང་འདུག

དེ་ནས་ཟླ་༡་པོའི་ཚེས་༣༡་ཉིན། དེང་གི་ཆར་འཛམ་གླིང་ཐོག་མིས་བཟོས་རིག་ནུས་ཀྱི་ལྷན་ཁང་མིང་གྲགས་ཆེ་ཤོས་ OpenAi ཞེས་པའི་ ChatGPT བཟོ་སྐྲུན་ཁང་གི་ལས་ཁུངས་ཨ་མ་རུ་ལྷན་ཁང་དེའི་རྒྱལ་སྤྱིའི་ལས་དོན་ཚན་པའི་འགན་འཛིན་དང་ལས་རོགས་མཉམ་དུ་ཚོགས་འདུ་ཚོགས་ཏེ། ChatGPT ནང་བོད་ཡིག་དང་བོད་ཀྱི་རིག་གཞུང་ཚད་ལྡན་ཡོང་ཐབས་དང་། བོད་ཀྱི་སྐད་ཡིག་རིག་གཞུང་གི་ཁྱད་ཆོས་ངོ་སྤྲོད་དང་འབྲེལ། མ་འོངས་མཉམ་ལས་བྱེད་ཕྱོགས་ལ་གྲོས་མོལ་ལྷུག་པོ་བྱུང་འདུག

མཉམ་ལས་ཀྱི་ལས་གཞི་དེ་དང་འབྲེལ་ནས། དགེ་བཤེས་སྨོན་ལམ་ལགས་ཀྱིས་༼   མ་འོངས་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་ཉིད་བེད་སྤྱོད་མཁན་སྐད་ཡིག་གཞན་དང་བསྡུར་ན་མི་གྲངས་ཉུང་བའི་རྒྱུ་མཚན་ཉི་ཚེ་བ་ལས་བརྒལ་ཏེ་ནང་དོན་ཕྱུག་ཤོས་ཀྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྐད་ཡིག་ཞིག་ཡོང་བར་རེ་བ་ཆེ།༽ ཞེས་བརྗོད་འདུག

དགེ་བཤེས་སྨོན་ལམ་ལགས་ཀྱི་ཕྱག་ལས་འདི་ནི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཡུན་དུ་བསྲིང་བའི་ནད་གསོའི་བདུད་རྩི་དང་བོད་ཡིག་གི་སྤྱོད་སྒོའི་འཇིག་རྟེན་མཐའ་མེད་པར་བཟོ་བའི་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསུབ་ཏུ་མེད་པ་ཞིག་ཡིན་པ་གདོན་མི་ཟའོ།

ཡོངས་ཁུངས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་། Monlam AI

Leave a Reply

Your email address will not be published. Required fields are marked *