ཀུ་ཤུ་བཟོ་ཚོང་ཁང་གི་ཐོག་ཏུ་གནོན་ཤུགས།

ཀུ་ཤུ་བཟོ་ཚོང་ཁང་གིས་ཀུ་ཤུ་ཁ་པར་ནང་གི་བིམ་མཛོད་ཀྱི་ཁོངས་ནས་བཀོལ་ཆས་མང་པོ་ཞིག་དང་ཐོག་ནས་བཀག་འགོག་བྱས་ཏེ། མི་ཚོས་ཕབ་ལེན་བྱེད་རྒྱུ་མེད་པ་བཟོ་གི་ཡོད་པ་ཚང་མས་མཁྱེན་གསལ་ལྟར། འཛམ་གླིང་སྟེང་གི་རང་དབང་གི་ཚོགས་སྡེ་ཁག་ཅིག་གིས། ཀུ་ཤུ་བཟོ་ཚོང་ཁང་གི་ལྐོག་གྱུར་གྱི་ཐག་གཅོད་དེས་ཨུ་རུ་སུ་དང་རྒྱལ་ནང་གི་མི་སེར་ཚོའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པར་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེར་བྱས་དང་བྱེད་མུས་ཡིན།

དེར་བརྟེན། ཉེ་བའི་ལོ་ཤས་ཀྱི་ནང་དུ། ཀུ་ཤུ་བཟོ་ཚོང་ཁང་གི་ཐོག་ཏུ་གནོན་ཤུགས་ཆེན་པོ་སླེབས་ཡོད་ལ། ཟླ་འདིའི་འགོ་སྟོད་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་བྱེ་བྲག་ཁག་ཅིག་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་སྦ་གསང་མེད་པའི་ཐོག་ནས་ཕྱི་གསལ་ནང་གསལ་གྱི་སྙན་ཐོ་འདོན་རྒྱུ་ཡིན་སྐོར་བརྗོད་འདུག

ང་ཚོར་རྒྱུས་མངའ་ཡོད་པ་བཞིན། རྒྱལ་ནང་གི་ཀུ་ཤུ་བིམ་མཛོད་ཀྱི་ནང་ནས་གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་བཀོལ་ཆས་རིགས་ཕབ་ལེན་བྱེད་རྒྱུ་མེད། དེ་གང་ཡིན་ཟེར་ན། ཀུ་ཤུ་བཟོ་ཚོང་ཁང་དང་སྲིད་གཞུང་གཉིས་ཀས་མཉམ་འབྲེལ་ཐོག་ནས་མཉེན་ཆས་དེ་དག་གཏན་འགོག་བྱས་ཡོད། 

དེ་ཡང་གནས་ཚུལ་ཡོངས་ཁུངས་ཤིག་ལ་གཞིར་བཅོལ་ནས་གླེང་ན། སྤྱི་ལོ་༢༠༢༡་ལོའི་ལོ་ཕྱེད་ཀྱི་ནང་དུ། སྲིད་གཞུང་གིས་ཀུ་ཤུ་བིམ་མཛོད་ནང་གི་བཀོལ་ཆས་༣༤་ལྷག་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་ཡོད་པ་བརྗོད་ཡོད་ལ། ཀུ་ཤུ་བཟོ་ཚོང་ཁང་ལ་བཀོལ་ཆས་༨༩་བཀག་སྡོམ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག ཉེ་ལམ་གྱི་ཀུ་ཤུ་བཟོ་ཚོང་ཁང་གི་སྙན་ཐོ་ལྟར་ན། ཀུ་ཤུ་བཟོ་ཚོང་ཁང་གིས་སྲིད་གཞུང་གི་རེ་སྐུལ་དེ་དག་ལ་དང་ལེན་མ་བྱས་པ་གཅིག་ཀྱང་བྱུང་མི་འདུག

ཀུ་ཤུ་བཟོ་ཚོང་ཁང་གིས་ཐེངས་རྗེས་མའི་སྙན་ཐོའི་ནང་དུ། རྒྱལ་ཁབ་རེ་རེ་ནང་དུ་མཉེན་ཆས་ཀྱི་དབྱེ་བ་གང་དག་བཀག་འགོག་བྱས་ཡོད་མེད་དང་། དེ་དག་བཀག་སྡོམ་བྱེད་དགོས་པའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གང་ཡིན་མིན་སོགས་ཁ་གསལ་འགོད་རྒྱུ་ཡིན་སྐོར་བརྗོད་ཡོད། དེ་བས། མི་མང་པོ་ཞིག་གིས་སྙན་ཐོ་དེ་ལ་གཞི་བཅོལ་ནས་ཀུ་ཤུ་བཟོ་ཚོང་ཁང་གིས་ཆ་འཕྲིན་གྱི་རང་དབང་དང་སྨྲ་བརྗོད་རང་དབང་དམ་བསྒྲགས་བྱས་ཡོད་མེད་ཐག་གཅོད་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག  

Leave a Reply

Your email address will not be published. Required fields are marked *