ཉམས་ཞིབ་པས་རྙེད་སོན་བྱུང་བའི་མཉེན་འབུ།

དེ་ཡང་ངོས་འཛིན་ཧ་ཅང་བྱེད་དཀའ་བའི་མཉེན་འབུ་རིགས་གསུམ་གྱིས་སྐར་ཁུང་རྩིས་འཕྲུལ་བཀོལ་སྤྱོད་བྱེད་མཁན་ཚོར་དམིགས་ནས་བརྩམས་པའི་ཉྭ་འཛིན་གྱི་འཇབ་རྒོལ་ཞིག་གི་ཁྲོད་དུ། མི་སྒེར་གྱི་གསང་བའི་ཡིག་ཆ་དང་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ངོས་འཛིན་བྱས་པའི་མཉེན་འབུ་རིགས་མི་འདྲ་བ་གསུམ་དེ་དག་ནི། BitRAT་དང་། PandoraHVNC   AveMariaRAT་བཅས་ཡིན།

ཉྭ་འཛིན་གྱི་ལས་འགུལ།

Fortinet ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཚོས་ཉྭ་འཛིན་གྱི་འཇབ་རྒོལ་དེ་ངོས་འཛིན་བྱས་ཡོད་པ་མ་ཟད། འཇབ་རྒོལ་དེའི་ཁྲོད་དུ། འཇབ་རྒོལ་པ་ཚོས་གནོད་པ་སྐྱེལ་ཡུལ་གྱི་མི་ཚོའི་དྲ་ཐོག་གི་རྒྱུན་སྤྱོད་མིང་དང་། གསང་གྲངས། ད་དུང་།་དེ་མིན་གྱི་རྣོ་ངར་ལྡན་པའི་གནས་ཚུལ་རིགས། དཔེར་ན། དངུལ་ཁང་གི་གནས་ཚུལ་སོགས་རྐུ་འཁྱེར་བྱས་ཡོད་པ་བརྗོད་ཡོད། 

ཆེས་ཐོག་མའི་ཆར། འཇབ་རྒོལ་གྱི་འཕྲིན་ཐུང་ཞིག་བསྐྲུན་ཡོད་ལ། དེ་ཁུངས་ལྡན་གྱི་གནས་ཤིག་ནས་བཏང་བའི་དངུལ་གཏོང་གི་སྙན་ཐོ་ཞིག་ཡིན་པར་བརྫུས་ཡོད། དེ་ནས་སྙན་ཐོ་དེ་འབྲེལ་གྱི་Excel ཡིག་ཆ་ཞིག་ཁ་འབྱེད་པའི་རེ་སྐུལ་གཏོང་གི་ཡོད།

ཡིག་ཆ་དེའི་ནང་དུ་མཉེན་འབུ་བསྐུངས་ཡོད་པས། Excel ཡིས་ཡིག་ཆའི་ནང་དུ་མཉེན་འབུ་ཡོད་ངེས་པའི་ཉེན་བརྡ་གཏོང་ངེས།

འཛད་སྤྱོད་པས་ཉེན་བརྡ་དེ་སྣང་མེད་བསྐྱུར་ཏེ། ཡིག་ཆ་དེ་ཁ་ཕྱེ་ཚེ། མཉེན་འབུ་འཛད་སྤྱོད་པ་གང་དེའི་རྩིས་འཕྲུལ་ནང་འགོས་ཀྱི་ཡོད།

འཇབ་རྒོལ་དེའི་དམིགས་ཡུལ་གཙོ་བོ་ནི། མི་སྒེར་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་རྒྱུ་དེ་ཡིན་པ་དང་། རྐུ་འཁྱེར་བྱས་པའི་གནས་ཚུལ་དེ་དག་ཐེངས་རྗེས་མའི་འཇབ་རྒོལ་གྱི་ཁྲོད་དུ་བཀོལ་སྤྱོད་བྱས་ཏེ། དམིགས་ཡུལ་གཞན་པ་འགྲུབ་ཐབས་བྱ་རྒྱུ་དེ་ཡིན།

རང་ཉིད་འཇབ་རྒོལ་འདིའི་རིགས་ཀྱི་གནོད་འཚེ་མ་ཕོག་པའི་ཕྱིར་དུ། གཤམ་གྱི་ལག་ལེན་འདི་དག་རྒྱུན་འཁྱོངས་བྱེད་དགོས།
༡ ༽ འབྲེལ་ཐག་གི་ཐོག་ལ་མ་ནོན།

༢ ༽  དྲ་ཚིགས་ཀྱི་མདུན་དུhttps ཡང་ན། ཟྭའི་རྟགས་མེད་ཚེ། རང་ཉིད་སྒེར་གྱི་གནས་ཚུལ་དྲ་ངོས་དེར་ཡར་འཇུག་མ་བྱེད།

༣ ༽ རྒྱུན་དུ་གསང་ཚིག་བརྗེ་དགོས།

༤ ༽ ཁ་པར་གྱི་མ་ལག་དང་དེའི་ནང་དུ་མཉེན་ཆས་རིགས་གསར་སྣོན་བྱེད་རྒྱུ་སྣང་མེད་མ་བསྐྱུར།

༥ ༽ འཆར་ངོས་སུ་མངོན་འོང་བའི་ཡིད་དབང་འཕྲོག་པའི་ཁྱབ་བསྒྲགས་དེ་འདྲས་རང་ཉིད་ཀྱི་སེམས་འཁྲུག་ཏུ་མ་འཇུག

༦༽  ངེས་པར་དུ་དགོས་གལ་བྱུང་ན་མ་གཏོགས། རང་ཉིད་ཀྱི་གནས་ཚུལ་གཞན་ལ་མ་སྤྲོད། 



Leave a Reply

Your email address will not be published. Required fields are marked *