མི་ཚང་མས་རེ་སྒུག་བྱ་སའི་ཀུ་ཤུའི་མ་ལག་ཐོན་༡༦ ད་ཆ་དངོས་སུ་འགྲེམས་སྤེལ་གནང་ཟིན་པར་ལྟར། འདིར་ཕྲན་གྱིས་མ་ལག་ཐོན་གསར་པ་དེའི་ནང་གི་འབུར་དུ་ཐོན་པའི་ཁྱད་ཆོས་ཁག་༡༡་ཙམ་རྒྱ་ཆེ་བའི་ཀློག་པ་པོ་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།
༡ ༽ འཕྲིན་ཐུང་།
ནམ་རྒྱུན་ང་ཚོས་ཁ་པར་ནང་མི་གཞན་ལ་འཕྲིན་ཐུང་ཞིག་བཏང་ཚར་བ་ཡིན་ན། འཕྲིན་ཐུང་དེའི་ནང་དུ་ནོར་འཁྱུག་སོགས་ག་འདྲ་ཞིག་ཡོད་ནའང་། དེ་ལ་འགྱུར་བ་གཏོང་ཐབས་མེད། འོན་ཀྱང་། ད་ཆ། ཁྱེད་ཀྱིས་སོ་སོའི་ཀུ་ཤུའི་མ་ལག་ཐོན་༡༡་པའི་ཐོག་ཏུ་གསར་སྣོན་བྱས་ཚེ། ཁ་པར་ནང་བཏང་ཚར་བའི་འཕྲིན་ཐུང་ཁག་གི་ནང་དོན་ལ་སྐབས་ཐོག་ཏུ་འགྱུར་བ་གཏོང་ཆོག་པ་མ་ཟད། འཕྲིན་ཐུང་དེ་དག་ཕྱིར་འཐེན་ཡང་བྱེད་ཐུབ་ཀྱི་ཡོད། དེ་མ་ཟད། ཁྱེད་ལ་འཕྲིན་ཐུང་ཞིག་འབྱོར་སྐབས། དེ་ལ་སྐབས་ཐོག་ཏུ་ལན་འདེབས་མི་ཐུབ་ཚེ། འཕྲིན་ཐུང་དེར་རྟགས་བརྒྱབ་སྟེ་བཀླགས་མེད་པའི་ཁོངས་སུ་བཅུག་ཆོག་པས།ཁྱེད་ལ་འཕྲིན་ཐུང་ཞིག་འབྱོར་ཡོད་པ་བརྗེད་དུ་མི་འཇུག དེ་བས། རྗེས་སུ་ཁྱེད་ལ་ཁོམ་པ་ཡོད་དུས། བཀླགས་མེད་པའི་འཕྲིན་ཐུང་དེར་ལན་འདེབས་བྱེད་ཆོག
༢ ༽ འཆར་ངོས་ཀྱི་པར་རིས།
ཁ་པར་གྱི་འཆར་ངོས་སུ་འཇོག་ཆོག་པའི་པར་རིས་སྣ་ཚོགས་ཕབ་ལེན་བྱེད་མ་དགོས་པར། མ་ལག་རང་གི་ནང་དུ་གདམ་ག་སྣ་ཚོགས་ཡོད་པ་བཟོས་ཡོད་ལ། པར་རིས་དེ་དག་རང་གི་འདོད་མོས་ལྟར། སྒྲིག་སྦྱོར་སྣ་ཚོགས་བྱེད་ཆོག་གི་ཡོད། དེ་མ་ཟད། ཁ་པར་ཁ་འབྱེད་ཐེངས་རེར། འཆར་ངོས་ཀྱི་པར་རིས་མི་འདྲ་བ་རེ་མངོན་འོང་བ་དེ་འདྲའང་བཟོ་ཆོག
༣ ༽ འཕྲིན་ཐུང་གི་བརྡ་ལན།
ནམ་རྒྱུན་འཕྲིན་ཐུང་གི་བརྡ་ལན་ཁག་འཆར་ངོས་སྟེང་ཕྱོགས་སུ་མངོན་གྱི་ཡོད་རུང་། མ་ལག་ཐོན་གསར་པའི་དམིགས་ས་གཙོ་བོ་ཞིག་ནི། ཁ་པར་འཆར་ངོས་ཀྱི་མཛེས་ལྗོངས་དེ་ཡིན་སྟབས། འཆར་ངོས་སུ་བཞག་ཡོད་པའི་པར་རིས་བཀག་འགོག་མི་བྱེད་པའི་ཆེད་དུ། འཕྲིན་ཐུང་དང་བརྡ་ལན་ཁག་འཆར་ངོས་ཀྱི་འོག་ཏུ་མངོན་པ་བཟོས་ཡོད།
༤ ༽ རིག་སྟོབས།
ཁྱེད་ཀྱིས་སོ་སོའི་ཁ་པར་ནང་གི་པར་ཆས་སྤྱད་དེ་པར་ལེན་པའི་སྐབས་སུ། པར་དེའི་ནང་དུ་ཡོད་པའི་ཡི་གེ་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་ལ། ཡི་གེ་དེ་དག་གི་ནང་དོན་ག་རེ་ཡིན་མིན་སོ་སོའི་སྐད་ཡིག་གི་ནང་དུ་བསྒྱུར་ཐུབ་པ་མ་ཟད། རྒྱལ་ཁབ་འདྲ་མིན་གྱི་དངུལ་སྒོར་གྱི་འཛའ་ཐང་ཕན་ཚུན་ལ་བརྗེ་ཐུབ། དེ་མ་ཟད། པར་ནང་གི་བྱ་བྱེའུ་འབུ་སྲིན་དང་རྡོ་རིང་སོགས་ཀྱང་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།
༥ ༽ པར་རིས་མཉམ་སྤྱོད།
མ་ལག་ཐོན་གསར་པའི་ནང་དུ་པར་རིས་མཉམ་སྤྱོད་ཀྱི་ཁྱད་ཆོས་གསར་པ་ཞིག་བསྐྲུན་ཡོད་པ་ནི། ཁྱིམ་ཚང་ཞིག་གི་ནང་མི་དྲུག་ཙམ་གྱིས་ཐུན་མོང་ཐོག་པར་རིས་ཀྱི་སྤྲིན་མཛོད་གཅིག་མཉམ་སྤྱོད་བྱེད་ཆོག་གི་ཡོད་སྟབས། མི་ཚང་མར་དགོས་པའི་པར་རིས་ཁག་མི་རེ་རེ་ལ་རིམ་པ་བཞིན་དུ་གཏོང་མི་དགོས། མཉམ་སྤྱོད་བྱས་པའི་སྤྲིན་མཛོད་ཀྱི་ནང་དུ་པར་རིས་ཡར་འཇུག་བྱས་ན། དེ་མི་ཚང་མས་མཐོང་ཐུབ་ཀྱི་ཡོད་ལ། ཕབ་ལེན་ཡང་བྱེད་ཐུབ། འོན་ཀྱང་། འདི་ནི་ཉེན་ཁ་ཆེན་པོ་ཞིག་ལ་བརྩི་གི་ཡོད། གང་ཡང་ཟེར་ན། ཁྱེད་ཀྱིས་སྟབས་མ་ལེགས་པར་རང་ཉིད་ཀྱི་གསང་བའི་པར་རིས་ཤིག་མཉམ་སྤྱོད་བྱས་པའི་སྤྲིན་མཛོད་ཀྱི་ནང་དུ་ཡར་འཇུག་བྱས་ཚེ། པར་རིས་དེ་སྤྲིན་མཛོད་མཉམ་སྤྱོད་བྱ་སའི་མི་ཚང་མས་མཐོང་ཐུབ་ཀྱི་ཡོད་པ་དེ་རེད།
༦ ༽ ཀུ་ཤུའི་རིན་སྤྲོད། (Apple Pay)
ཀུ་ཤུའི་རིན་སྤྲོད་ཀྱི་ཁྱད་ཆོས་འདི་ཧ་ལས་པ་ཞིག་ཡིན། གང་ཡིན་ཟེར་ན། ཀུ་ཤུ་བཟོ་ཚོང་ཁང་གིས་ཁྱད་ཆོས་འདི་བརྒྱུད་ནས་དངུལ་ཁང་གི་བྱེད་ལས་ལྟ་བུ་ཞིག་རྩོམ་གྱི་ཡོད། ཁྱེད་ཀྱིས་དྲ་སྟེང་ནས་ཀུ་ཤུའི་རིན་སྤྲོད་(Apple Pay)་ཀྱི་ཁྱད་ཆོས་འདི་སྤྱད་དེ་ཅ་ལག་ཉོ་སྐབས། གལ་ཏེ། ཅ་ལག་དེའི་རིན་གོང་ཨ་སྒོར་༡༠༠ ཡིན་ཚེ། ཅ་ལག་དེའི་རིན་པ་གང་ཡིན་པ་དེ་སྤྲོད་མ་དགོས་པར། དེ་དུས་མཚམས་བཞི་རུ་བགོ་བཤའ་བརྒྱབ་ནས་སྤྲད་ཆོག ཁ་གསལ་པོར་འགྲེལ་ན། ཁྱེད་ཀྱིས་ཨ་སྒོར་༡༠༠་ཡི་རིན་པའི་ཅ་ལག་དེ་ཉོ་སྐབས། དང་ཐོག་ཨ་སྒོར་༢༥ སྤྲད་ན་འགྲིག དེ་ནས་གཟའ་འཁོར་དྲུག་གི་ནང་ཚུད་དུ། ཡང་བསྐྱར་ཨ་སྒོར་༢༥་ཐེངས་གསུམ་ལ་སྤྲད་ན་ཆོག དེ་ཀུ་ཤུ་ཚང་གིས་ཁྱེད་ལ་བུ་ལོན་གཡར་བ་དང་གཅིག་མཚུངས་ཡིན། འོན་ཀྱང་། བུ་ལོན་དེར་སྐྱེད་ཀ་གང་ཡང་སྤྲོད་མི་དགོས་ཟེར།
༧ ༽ ཡིག་ཟམ་ནང་གི་ཁྱད་ཆོས།
ནམ་རྒྱུན་ཡིག་ཟམ་བརྒྱུད་ནས་མི་ཞིག་ལ་ཡི་གེ་ཞིག་བཏང་ཚར་ན། བཅོས་སྒྱུར་དང་ཕྱིར་འཐེན་བྱེད་ཐབས་མེད། འོན་ཀྱང་། ཀུ་ཤུ་མ་ལག་ཐོན་གསར་པ་འདིའི་ནང་དུ་ཁྱད་ཆོས་གསར་པ་ཞིག་ཡོད་པ་ནི། ཁྱེད་ཀྱིས་ཡིག་ཟམ་དེ་གཏང་ཡུལ་གྱི་མི་དེར་ག་དུས་འབྱོར་དགོས་མིན་གྱི་དུས་ཚོད་རང་ངོས་ནས་སྒྲིག་ཆོག་ལ། གཏང་ཡུལ་གྱི་མི་དེར་མ་འབྱོར་བའི་གོང་དུ་ཕྱིར་འཐེན་ཡང་བྱེད་ཐུབ། ཡིག་ཟམ་མ་བཏང་བའི་སྔོན་དུ། ཁྱེད་ཀྱིས་ཡིག་ཟམ་གྱི་ནང་དུ་འཇུག་དགོས་པའི་ཆ་ཤས་གང་རུང་བརྗེད་ཚེ། ཁྱེད་ལ་དྲན་སྐུལ་བྱེད་ངེས། དཔེར་ན། ཡིག་ཟམ་ནང་དུ་ཟུར་སྣོན་ཡར་འཇུག་བྱེད་རྒྱུ་དྲན་པ་བརྗེད་ཚེ། ཁྱེད་ལ་རང་འགུལ་གྱི་ཐོག་ནས་དྲན་སྐུལ་བྱེད་ངེས། དེ་མ་ཟད། ཁྱེད་ཀྱིས་ཡིག་ཟམ་ཞིག་བཏང་རྗེས། དེ་ལ་ཡིག་ལན་མ་འབྱོར་ཚེ། ཁྱེད་ལ་ཡིག་ཟམ་དེའི་སྐོར་ཡང་དྲན་གསོ་གཏོང་གི་ཡོད།
༨ ༽ བདེ་འཇགས་ཞིབ་བཤེར།
མི་སྒེར་གྱི་གསང་རྒྱ་སྲུང་སྐྱོབ་བྱེད་པར་དམིགས་ཏེ། མ་ལག་ཐོན་གསར་པ་འདིའི་ནང་དུ་ཛ་དྲག་གི་གནས་སྐབས་སུ་བསྐྱར་སྒྲིག་ཟེར་བའི་ཁྱད་ཆོས་ཤིག་ཁ་སྣོན་བྱས་ཡོད། ཁྱེད་རང་ཛ་དྲག་གི་གནས་སྟངས་ཤིག་གི་ཁྲོད་དུ་ལྷག་ཚེ། མི་གཞན་ལ་ཁྱེད་ཀྱི་སྡོད་གནས་ཤེས་སུ་འཇུག་འདོད་མེད་ཚེ། ཁ་པར་སྡོད་གནས་བཀག་འགོག་དང་། ཁ་པར་ནང་གི་བཀོལ་ཆས་ཆ་ཚང་ལ་སྤྲོད་ཡོད་པའི་ཆོག་མཆན་ཁག་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད།
༩ ༽ Safari དྲ་རྒྱ་བཤེར་ཆས་ཀྱི་གསང་སྡོམ།
ས་ཧྥ་རེ་དྲ་རྒྱ་བཤེར་ཆས་ནང་གི་བདེ་འཇགས་ཀྱི་ཚད་གཞི་སྔར་ལས་ཀྱང་མཐོ་རུ་བཏང་ཡོད། ས་ཧྥ་རེ་དྲ་རྒྱ་བཤེར་ཆས་བཀོལ་སྤྱོད་བྱས་ཏེ། དྲ་མྱུལ་བྱེད་སྐབས། གསང་བའི་ལྡེ་མིག་གིས་སྲུང་སྐྱོབ་བྱས་ཡོད་སྟབས། ཁྱེད་ཀྱི་དྲ་ཐོག་གི་བདེ་འཇགས་འགན་ལེན་བྱེད་ཐུབ་ཀྱི་ཡོད།
༡༠ ༽ ཁ་པར་ནང་གི་དོ་དམ་ལྟེ་གནས་ནང་གི་གསང་རྒྱའི་ལོ་རྒྱུས།
མ་ལག་ཐོན་གསར་བའི་ཐོག་ཏུ་གསར་སྣོན་བྱས་ཚེ། ཁྱེད་ཀྱིས་སོ་སོའི་ཁ་པར་གྱི་སྒྲིག་འགོད་ནང་དུ་ཕེབས་ཏེ། དོ་དམ་ལྟེ་གནས་སུ། ཁ་པར་ནང་གི་བཀོལ་ཆས་གང་དག་གིས་ཉེ་ལམ་ཁྱེད་ཀྱིས་སྡོད་གནས་དང་། པར་ཆས། སྐད་སྦུག་སོགས་བཀོལ་སྤྱོད་བྱས་ཡོད་མེད་ཞིབ་ལྟ་བྱེད་ཐུབ་ཀྱི་ཡོད།
༡༡ ༽ པར་རིས་སྦས་སྐུང་།
ཁྱེད་ཀྱིས་ཉེ་ལམ་རང་ཉིད་ཀྱི་བསུབས་ཚར་བའི་པར་རིས་ཁག་ཡོད་སའི་ཡིག་སྒམ་དང་། དེ་བཞིན་རང་ཉིད་ཀྱིས་སྦས་སྐུང་བྱེད་འདོད་པའི་པར་རིས་གཞན་ཁག་ཟྭ་བརྒྱབ་སྟེ་མི་གཞན་གྱིས་ལྟ་མི་ཐུབ་པ་བཟོ་ཆོག་གི་ཡོད་པ་བཅས་སོ།།
མ་ལག་ཐོན་༡༦་ གི་ཐོག་ཏུ་གསར་སྣོན་བྱེད་ཐུབ་པའི་ཀུ་ཤུ་ཁ་པར་གྱི་ཐོ་གཞུང་ཁག་གཤམ་གསལ་ལྟར།
iPhone 13 Pro max | iPhone 13 Pro | iPhone 13 | iPohne 13 mini |
iPhone 12 Pro Max | iPhone 12 Pro | iPhone 12 | iPohne 12 mini |
iPhone 11 Pro Max | iPhone 11 Pro | iPhone 11 | |
iPhone XS Max | iPhone XS | iPhone XR | iPhone X |
iPhone 8 Plus | iPhone 8 | ||
iPhone SE (2022) | iPhone SE (2020) |