དེང་སང་དྲ་ཐོག་ཏུ་མི་མང་པོ་ཞིག་གིས། འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཁྲེ་སི་ལ་(特斯拉)གློག་འཁོར་བཟོ་ལས་ཁང་གིས་མི་འགྱངས་པར་གསར་བརྗེ་རང་བཞིན་ལྡན་པའི་ཁྱད་ཆོས་སྣ་འཛོམས་ཅན་གྱི་ཁ་པར་ཞིག་འདོན་སྤེལ་བྱེད་རྒྱུ་ཡིན་སྐོར་གྱི་གནས་ཚུལ་ཤུགས་ཆེར་ཁྱབ་སྤེལ་གཏོང་གི་ཡོད།
གནས་ཚུལ་དེ་བདེན་པ་ཡིན་ནམ། གཤམ་དུ་ངས་ཁྱེད་ཚོར་ཁྲེ་སི་ལ་ཁ་པར་སྐོར་ལ་ཞིབ་ཏུ་འགྲེལ་ཆོག
ཁྲེ་སི་ལ་ནི་འཛམ་གླིང་ནང་གི་གློག་འཁོར་བཟོ་མཁན་གྱི་བཟོ་ལས་ཁང་གྲགས་ཆེ་ཤོས་དེ་ཡིན་ལ། ཁ་སང་དེ་རིང་། བཟོ་ལས་ཁང་དེས་Model S, Model 3, Model X, and Model Y་སོགས་གློག་འཁོར་གྱི་མ་དཔེ་མི་འདྲ་བ་ཁག་བཞི་འཚོང་གི་ཡོད།
བཟོ་ལས་ཁང་དེའི་བདག་པོ་ཨེ་ལང་མ་སི་ཁིག(伊朗马斯克)་གིས་ཁྲེ་སི་ལ་ཁ་པར་ཞིག་འདོན་སྤེལ་བྱེད་རྒྱུའི་བསྒྲགས་གཏམ་གང་ཡང་སྤེལ་མེད་ཀྱང་། སྤྱི་ལོ་༢༠༡༡་ལོའི་ཟླ་༢་པའི་ནང་དུ། མི་ཞིག་གིས་ཡོ་ཁྲོ་ཕི་དྲ་བརྙན་གྱི་ནང་དུ་ཁྲེ་སི་ལ་ཁ་པར་ག་འདྲ་ཡོད་མེད་ཀྱི་་བརྙན་ཐུང་ཞིག་བཟོས་ཏེ།
༡ ༽ ཁ་པར་དེར་གློག་གསོག་མི་དགོས་པར། ཉི་གློག་གི་ནུས་པར་བརྟེན་ཡོད་པ་དང་།
༢ ༽ ཁ་པར་དེས་ཁྲེ་སི་ལ་རླངས་འཁོར་ཚོད་འཛིན་བྱེད་ཐུབ་པ།
༣ ༽ གསང་སྡོམ་དངུལ་སྒོར(加密货币)་གསོག་ཐུབ་པ།
༤ ༽ སའི་གོ་ལའི་སྟེང་གི་དྲ་བའི་ཞབས་ཞུ་ཁག་ལ་བརྟེན་མ་དགོས་པར། Starlink འཁོར་སྐར་དྲ་རྒྱ་དང་མཐུད་ཡོད་པ་ལ་སོགས་པའི་
ཁྱད་ཆོས་ཁག་ཅིག་གསལ་སྟོན་བྱས་ཏེ་དྲ་ངོས་དེར་ཡར་འཇུག་བྱས་པ་ནས་བཟུང་། མི་ཚོས་ཁ་པར་དེའི་སྐོར་ལ་དོ་སྣང་བྱེད་འགོ་བཙུགས་ཡོད་པ་མ་ཟད། ཡིད་དབང་འཕྲོག་པའི་ཁ་པར་དེ་ག་དུས་འདོན་སྤེལ་བྱེད་སྲིད་མིན་གྱི་སྐོར་ལ་ཚ་ཚ་འུར་འུར་གྱི་སྒོ་ནས་གླེང་སློང་བྱེད་ཀྱིན་ཡོད། འོན་ཀྱང་། ཁ་པར་དེ་ག་དུས་འདོན་སྤེལ་བྱེད་རྒྱུ་ཡིན་མིན་སྐོར་སུ་གང་ལའང་བཤད་རྒྱུ་མེད། གང་ཡིན་ཞེ་ན། ཁྲེ་སི་ལ་བཟོ་ཚོང་ཁང་གིས་ཁ་པར་དེ་འདྲ་ཞིག་བཟོ་གི་ཡོད་མེད་ཀྱང་ཐེ་ཚོམ་གྱི་གནས་ཡིན།
ཁུངས་ལྡན་གྱི་གནས་ཚུལ་ལྟར་ན། ཁྲེ་སི་ལ་ཁ་པར་ནི་དངོས་ཡོད་ཀྱི་ཐོན་རྫས་ཤིག་མིན་པར། མི་ཚོས་འཆར་སྣང་གི་ཁྲོད་ནས་བཞེངས་སྐྲུན་བྱས་པའི་ཁ་པར་ཞིག་ཡིན་འདུག
ད་ཆ་མི་ཚོས་དྲ་ལམ་དུ་ཁྲེ་སི་ལ་ཁ་པར་གྱི་སྐོར་ལ་བརྗོད་གཞི་སྣ་ཚོགས་ཤིག་སྤེལ་གྱི་ཡོད་རུང་། དོན་དངོས་ཐོག་འཆར་སྣང་ཙམ་ཡིན་འདུག གང་ཡིན་ཞེ་ན། དྲ་སྟེང་གི་གནས་ཚུལ་ཁག་མི་ཚོས་རྟོག་བཟོ་བྱས་པ་མ་གཏོགས། ཁྲེ་སི་ལ་བཟོ་ལས་ཁང་གིས་ཁ་པར་གྱི་ཐོན་རྫས་གང་ཡང་བཙོང་གི་མེད་པ་མ་ཟད། མ་འོངས་པར་ཁ་པར་བཟོ་རྒྱུ་ཡིན་པའི་གསལ་བསྒྲགས་ཡང་སྣ་གཅིག་སྤེལ་མེད།་
དེ་ན། ཁྲེ་སི་ལ་ཁ་པར་ཞིག་མ་འོངས་པར་ཐོན་མི་སྲིད་པ་དེ་འདྲ་ཞིག་རེད་དམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཁྲེ་སི་ལ་བཟོ་ལས་ཁང་གིས་ཐོན་རྫས་དེ་འདྲ་ཞིག་བཟོ་སྲིད་པ་རེད་ལ།གལ་ཏེ། བཟོས་པ་ཡིན་ན། དེའི་ནང་དུ་གོང་དུ་བགྲངས་བའི་ཁྱད་ཆོས་དེ་དག་ཡོད་ངེས་པ་གོར་མ་ཆག ཡིན་ནའང་། མིག་སྔར་དེ་འདྲའི་ལས་གཞི་ཞིག་ཁྲེ་སི་ལ་བཟོ་ལས་ཁང་གི་འཆར་གཞིའི་ཁོངས་སུ་མེད་པར་སྣང་།
སྤྱི་ལོ་༢༠༢༠་ལོའི་ཟླ་༩་པའི་ནང་དུ། ཐོས་ཐར་དྲ་ངོས་སུ་ཁྲེ་སི་ལ་ལག་འདོགས་ཆུ་ཚོད་ཀྱི་སྐོར་ལ་དཀྲོག་གཏམ་ཞིག་ཁྱབ་སྐབས། ཁྲེ་སི་ལ་བཟོ་ལས་ཁང་གི་བདག་པོ་ཨེ་ལང་མ་སི་ཁིག་གིས་ཁ་པར་དང་ལག་འདོགས་ཆུ་ཚོད་ནི་ཁ་སང་འཕྲུལ་རྩལ་རེད། དབང་རྩའི་སྦྲེལ་མཐུད་(神经链接)ནི་སང་ཉིན་གྱི་འཕྲུལ་རྩལ་རེད་ཅེས་གནས་ཚུལ་སྤེལ་ཏེ། དཀྲོག་གཏམ་དེར་ལན་གསལ་པོ་བཏབ་པ་དེས། ཁྲེ་སི་ལ་བཟོ་ལས་ཁང་ལ་ཁ་པར་བཟོ་བའི་འདོད་མོས་མེད་པ་གསལ་པོ་བསྟན་ཡོད། དེར་བརྟེན། ནམ་ཞིག་ཨེ་ལང་མ་སི་ཁིག་ལགས་ཀྱི་སེམས་ལ་འགྱུར་ལྡོག་རེ་བྱུང་ན་མ་གཏོགས། ཁྲེ་སི་ལ་ཁ་པར་ཞིག་མེད་པ་གསལ་པོ་རེད།