ཨ་རིའི་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་ཆེ་ཤོས་ཀྱི་གྲས་ཡིན་པའི་ཡཱ་ཧོ་(雅虎)བཟོ་ལས་ཁང་སྲིད་གཞུང་གི་ཁྲིམས་ཀྱི་བཀག་རྒྱའི་གནོན་ཤུགས་འོག སྤྱི་ལོ་༢༠༢༡ ལོའི་ཟླ་༡༡་ཚེས་༡་ཉིན་ནས་བཟུང་། ཀྲུང་གོའི་རྒྱལ་ཁོངས་ནས་ཕྱིར་ཐོན་པའི་གསལ་བསྒྲགས་བསྐྱངས་ཡོད།
དེ་ཡང་། ཉེ་བའི་ལོ་ཤས་ཀྱི་ནང་དུ། སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་གི་འཕྲུལ་རིག་བཟོ་ལས་ཁང་ཁག་གི་ཐོག་ཏུ་དམ་བསྒྲགས་ཆེ་རུ་བཏང་ཡོད་ལ། དེའི་ཁོངས་སུ། ཨ་རིའི་ཀུ་ཤུ་བཟོ་ལས་ཁང་(苹果公司)དང་ཡཱ་ཧོ་སོགས་ཚུད་ཡོད་ལ། རྒྱལ་ནང་ལ་མཚོན་ན། ཐུན་ཞིན་(腾讯)དང་། ཨ་ལི་བྷ་བྷ་(阿里巴巴)སོགས་ཚུད་ཡོད།
གཞུང་གིས་དོ་དམ་ཤུགས་ཆེ་རུ་བཏང་བ་ལ་བརྟེན་ནས། འཕྲུལ་རིག་བཟོ་ལས་ཁང་མང་པོ་ཞིག་གི་ཚོང་ལས་ཀྱི་ཁོར་ཡུག་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད། ཟླ་སྔོན་མའི་ནང་ལ་ཆ་མཚོན་ན། ཨ་རིའི་ཕྲ་མཉེན་བཟོ་ཚོང་ཁང་(Microsoft)གི་ཚོང་ལས་གཅིག་པུར་ཁ་ཕྱོགས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་ལིན་ཁིག་ཨིན(领英)ཡང་ཀྲུང་གོའི་རྒྱལ་ཁོངས་ནས་ཕྱིར་ཐོན་དགོས་བྱུང་ཡོད།
ཕྱི་རྒྱལ་གྱི་བཟོ་ཚོང་ཁང་འདི་དག་ལ་ཀྲུང་གོའི་རྒྱལ་ཁོངས་སུ་འཛད་སྤྱོད་པ་ས་ཡ་མང་པོ་ཡོད་རུང་། རེ་ཞིག་རང་རང་གི་རྒྱལ་ཁབ་ཏུ་ཕྱིར་ལོག་དགོས་དོན་ནི། གཞུང་ཕྱོགས་ནས་ཁྲིམས་སྒྲིག་གསར་པ་མང་པོ་ཞིག་བཟོས་པ་དེས། ཕྱི་རྒྱལ་གྱི་བཟོ་ཚོང་ཁང་ཁག་གི་ཚོང་དོན་ལ་འགལ་རྐྱེན་བཟོས་པ་མ་ཟད། བཟོ་ཚོང་ཁག་དེ་དག་གི་ཁྲིམས་ཐོག་གི་བདག་དབང་མང་པོ་ཞིག་ཤོར་འགྲོ་གི་ཡོད་པའི་རྐྱེན་ཡིན།
ད་ཆ་རྒྱལ་ནང་གི་ཡཱ་ཧོ་ཞབས་ཞུ་བཀོལ་སྤྱོད་བྱེད་མཁན་ཚོས། ཡཱ་ཧོ་དྲ་ཚིགས་ཁ་འབྱེད་སྐབས། དྲ་གནས་འདི་ལ་འབྲེལ་མཐུད་བྱེད་མི་ཐུབ་པའི་བརྡ་ཡིག་འབྱོར་གྱི་ཡོད། ཡཱ་ཧོ་བཟོ་ཚོང་ཁང་གིས། ༼ང་ཚོའི་ཞབས་ཞུ་ཁག་ཀྲུང་གོའི་རྒྱལ་ཁོངས་ནས་མཚམས་འཇོག་བྱས་པ་མ་གཏོགས། རྒྱལ་ཁབ་གཞན་དག་གི་ནང་དུ་མུ་མཐུད་ནས་མཁོ་སྤྲོད་བྱེད་ཀྱི་ཡོད༽་ཅེས་བརྗོད་ཡོད། དེ་་མ་ཟད། ཡཱ་ཧོ་བཟོ་ཚོང་ཁང་གིས། ང་ཚོས་མུ་མཐུད་ནས་འཛད་སྤྱོད་པའི་ཁེ་དབང་དང་དྲ་རྒྱའི་རང་དབང་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཚུལ་བསྒྲགས་འདུག