བོད་ཡིག་ཡོད་པའི་སྐད་སྒྱུར་བཀོལ་ཆས་གསར་པ།


ཨ་རིའི་ཕྲ་མཉེན་བཟོ་ཚོང་ཁང་(Microsoft Corporation)་གི་གཞུང་འབྲེལ་གྱི་དྲ་བའི་སྟེང་དུ་གསལ་བསྒྲགས་བྱས་པ་ལྟར་ན།  བཟོ་ཚོང་ཁང་འདིས་བཟོས་པའི་སྐད་སྒྱུར་བཀོལ་ཆས་(Microsoft Translator)ཀྱི་ནང་དུ་སྐད་རིགས་གསར་པ་མི་འདྲ་བ་བཅུ་གཉིས་ཙམ་ཁ་སྣོན་བྱས་་ཡོད་པ་དེའི་ཁོངས་སུ་བོད་ཀྱི་སྐད་ཡིག་ཀྱང་ཚུད་འདུག


ཕྲ་མཉེན་བཟོ་ཚོང་ཁང་གི་སྐད་སྒྱུར་གྱི་བཀོལ་ཆས་འདི་སྤྱི་ལོ་2000ལོར་གསར་བཟོ་བྱས་ཏེ། དུས་ད་ལྟའི་བར་དུ་འཐུས་སྒོ་ཇེ་ཚང་དང་ཡིག་སྒྱུར་གྱི་སྤུས་ཚད་ཇེ་ལེགས་སུ་བཏང་དང་གཏོང་མུས་རེད་འདུག དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། ཡིག་སྒྱུར་གྱི་བཀོལ་ཆས་འདིའི་ཁོངས་སུ། མིས་བཟོས་ཀླད་རྩའི་དྲ་བ(Artificial neural networks)བཀོལ་སྤྱོད་བྱས་ཡོད་སྟབས། སྐད་སྒྱུར་མཉེན་ཆས་གཞན་དང་བསྡུར་ན་འགྱུར་ཧ་ཅང་དག་པོ་ཡོད་པ་བརྗོད་ཀྱི་འདུག

ད་ལྟའི་ཆར། སྐད་སྒྱུར་བཀོལ་ཆས་འདིའི་ཁོངས་སུ། སྐད་རིགས་མི་འདྲ་བ་བརྒྱ་དང་གསུམ་ཙམ་བཅུག་འདུག་ལ།  སྐད་རིགས་དེ་དག་ཕར་སྒྱུར་ཚུར་སྒྱུར་བྱེད་ཐུབ་ཀྱི་འདུག  


གལ་ཏེ། ཁྱེད་ཀྱིས་ཡིག་སྒྱུར་བཀོལ་ཆས་གསར་པ་འདི་བཀོལ་སྤྱོད་བྱེད་འདོད་ཚེ། ཀུ་ཤུ་ཁ་པར་བཀོལ་མཁན་ཚོས། ཀུ་ཤུའི་བིམ་མཛོད་ཀྱི་ནང་དུ ་Microsoft Translator་དང་། ཡང་ན། 微软翻译 གཏགས་ན། རིན་མེད་ཀྱི་ཐོག་ནས་ཕབ་ལེན་བྱེད་ཐུབ། དེ་བཞིན་ཨན་ཌོ་ཁ་པར་བཀོལ་མཁན་ཚོས་ཀྱང་རང་རང་གི་ཁ་པར་གྱི་མཉེན་ཆས་ཕབ་ལེན་གྱི་མཛོད་ཁོངས་ནས་ཕབ་ལེན་བྱེད་ཐུབ།


ཡིག་སྒྱུར་ཀྱི་བཀོལ་ཆས་འདིའི་ནང་དུ་ཡི་གེ་གཏགས་མ་དགོས་པར། སྐད་བཞག་ཏེ་ཡིག་སྒྱུར་བྱེད་ཐུབ་ཀྱི་འདུག་པ་མ་ཟད། ཡིག་ཆ་གང་རུང་ཡར་འཇུག་བྱས་ཚེ། ཡིག་ཆ་ཧྲིལ་པོ་རང་ལ་དགོས་པའི་སྐད་ཡིག་གང་རུང་གི་ནང་དུ་བསྒྱུར་ཐུབ་ཀྱི་འདུག

1 comment
Leave a Reply

Your email address will not be published. Required fields are marked *