ཀུ་ཤུ་ཉེར་སྤྱོད་མ་ལག་ཐོན་༡༥་པའི་ཁོངས་ཀྱི་བདེ་འཇགས་ཀྱི་ཁྱད་ཆོས་ཁག

  ཡིག་ཟམ་གྱི་གསང་རྒྱ་སྲུང་སྐྱོབ།

གློག་འཕྲིན་ཡིག་ཟམ་ཁག་ཁྱེད་རང་གིས་བསམ་པ་ཇི་བཞིན་བདེ་འཇགས་དང་གསང་རྒྱ་ཅན་མིན། ཚོང་ལས་ངོ་བོ་ཅན་གྱི་ཡིག་ཟམ་ཁག་གི་ནང་དུ་པར་རིས་ཆུང་ཆུང་དེ་འདྲ་བསྐུངས་ཡོད་ལ། དེས་ཁྱེད་ཀྱིས་སོ་སོའི་ཡིག་ཟམ་ག་དུས་སྒོ་ཕྱེ་ཡོད་མེད་ཧ་གོ་ཐུབ་ཀྱི་ཡོད། རྗེས་འདེད་ཡོ་ཆས་འདི་དག་གིས་ཁྱེད་ཀྱི་ཁ་པར་རམ་རྩིས་འཕྲུལ་གྱི་IP ཁ་བྱང་ཐེ་བའི་གནས་ཚུལ་མང་དག་ཅིག་བསྡུ་རུབ་བྱེད་ཀྱི་ཡོད། དེ་དག་བཀོལ་སྤྱོད་བྱས་ཏེ་ཁྱེད་ཀྱི་དངོས་ཡོད་ཀྱི་སྡོད་གནས་རྗེས་དཔག་བྱེད་ཐུབ། ཡིག་ཟམ་གྱི་བཀོལ་ཆས་གསར་པའི་ཁོངས་ཀྱི་བདེ་འཇགས་ཀྱི་ཁྱད་ཆོས་གསར་པ་དེས་ཁྱེད་ཀྱི་་IP ཁ་བྱང་སྦ་གསང་བྱེད་ཀྱི་ཡོད་སྟབས། ཡིག་ཟམ་གཏོང་མཁན་གྱི་གང་ཟག་སུ་ཡིན་རུང་། ཁོས་བཏང་བའི་ཡིག་ཟམ་དེ་ཁྱེད་ཀྱི་དྲ་ཐོག་གི་བྱེད་སྒོ་གཞན་ཁག་དང་སྦྲེལ་མི་ཐུབ་ལ། ཁྱེད་ཀྱི་སྡོད་གནས་ཀྱང་གཏན་འཁེལ་བྱེད་མི་ཐུབ་མ་ཟད། ཡིག་ཟམ་གཏོང་མཁན་གྱི་གང་ཟག་དེར། ཁྱེད་ཀྱིས་ཡིག་ཟམ་དེ་ཁ་ཕྱེ་ཡོད་མེད་དང་། ག་དུས་ཁ་ཕྱེ་ཡོད་མེད་སོགས་ཀྱང་མཐོང་དུ་མི་འཇུག

Safari དྲ་རྒྱ་བཤེར་ཆས་ཀྱི་བདེ་འཇགས་བསྐྱར་བཅོས། 

Safari དྲ་རྒྱ་བཤེར་ཆས་ཀྱིས་ཁྱེད་ཀྱི་IP ཁ་བྱང་སྦ་གསང་བྱེད་ཀྱི་ཡོད་སྟབས། དྲ་ཐོག་ཏུ་རྗེས་འདེད་གཏོང་མཁན་ཚོར་ཁྱེད་ཀྱི་་IP ཁ་བྱང་དེ་དྲ་ཚིགས་གཞན་ཁག་དང་སྦྲེལ་དུ་མི་འཇུག་ལ། ཁྱེད་ཀྱི་སྡོད་གནས་གཞན་ལ་ཤེས་སུ་མི་འཇུག  ཁྱེད་རང་Safari དྲ་རྒྱ་བཤེར་ཆས་ཀྱི་གསང་རྒྱའི་སྙན་ཐོའི་ཁོངས་སུ་ཕྱིན་ཚེ། ཁྱེད་རང་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱེད་པར་འབད་བརྩོན་བྱེད་མཁན་གྱི་དྲ་ཐོག་གི་རྗེས་འདེད་པ་གང་དག་བཤེར་ཆས་ཀྱི་ཁོངས་ནས་བཀག་འགོག་བྱས་ཡོད་མེད་མཐོང་ཐུབ།

ད་དུང་།ཀུ་ཤུ་བཟོ་ཚོང་ཁང་གིས་Safari ནང་དུ།གསང་རྒྱའི་བར་མཐུད་ཡོ་ཆས་ཟེར་བའི་གསང་རྒྱའི་ཁྱད་ཆོས་གསར་པ་ཞིག་ཁ་སྣོན་བྱེད་ཀྱི་ཡོད། ཁྱད་ཆོས་དེ་ནུས་ཡོད་བཟོས་ཚེ།མི་སུ་ཞིག་གིས་ཀྱང་ཁྱེད་ཀྱི་དྲ་མྱུལ་གྱི་ལོ་རྒྱུས་ཁག་རྗེས་འདེད་གཏོང་མི་ནུས། ཡིན་ཡང་། ཁྱད་ཆོས་འདིའི་བྱེད་ནུས་སྐོར་ལ་ང་ཚོས་ད་དུང་སྒུག་ན་མ་གཏོགས་གསལ་པོ་ཤེས་དཀའ།

བཀོལ་ཆས་ཀྱི་གསང་རྒྱའི་སྙན་ཐོ།


སྒྲིག་བཀོད་ཀྱི་སྡེ་ཚན་གསར་པ་འདིས་ཁྱེད་ཀྱི་ཁ་པར་གྱི་ནང་དུ་ཕབ་ལེན་བྱས་ཡོད་པའི་བཀོལ་ཆས་གང་རུང་གིས་ཁྱེད་ཀྱི་གསང་རྒྱར་བརྩི་བཀུར་ག་ཚོད་ཅིག་བྱེད་ཀྱི་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་ཡོད།


Siri སྐད་སྒྲའི་རོགས་རམ་གྱི་ཁྱད་ཆོས། 

ཀུ་ཤུའི་སྐད་སྒྲའི་རོགས་རམ་གྱི་ཁྱད་ཆོས་Siri ཟེར་བ་འདིས་བྱེད་ལས་རྩོམ་པར་དུས་ད་ལྟའི་ཆར་དྲ་རྒྱ་དང་སྦྲེལ་དགོས་ཀྱི་ཡོད་ཀྱང་། མི་འགྱངས་བར་དྲ་རྒྱ་དང་སྦྲེལ་མ་དགོས་པའི་ཐོག་ནས་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད་པས། ཡི་གེ་སོགས་གཏགས་མ་དགོས་པར། སྐད་སྒྲའི་ལམ་ནས་རེ་སྐུལ་ཞུས་པའི་རེ་སྐུལ་ལ་ཡ་ལན་མགྱོགས་པོ་སྤྲོད་ཐུབ་ཀྱི་ཡོད། 

བིམ་མཛོད་ID བསྐྱར་གསོ། 

ཁྱེད་ཀྱི་བིམ་མཛོད་ID བསྐྱར་གསོ་བྱེད་སྟངས་ཀྱི་ལམ་ཁ་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་དེ་ནི། ཁྱེད་ཀྱིས་ཡིད་ཆེས་བྱ་སའི་མི་ཞིག(ནང་མིའམ་གྲོགས་པོ)་ཁ་སྣོན་བྱེད་རྒྱུ་དེ་རེད། གལ་ཏེ། ཉིན་ཞིག་ཁྱེད་ཀྱི་བིམ་མཛོད་ལ་དཀའ་ངལ་འཕྲད་ཚེ། ཁ་སྣོན་བྱས་པའི་མི་དེའི་རོགས་འདེགས་ལ་བརྟེན་ནས་བིམ་མཛོད་ཀྱི་གསང་ཚིག་སླར་གསོ་བྱེད་ཐུབ་ཀྱི་ཡོད། གོ་རིམ་འདིར་སྐར་མ་གཅིག་གི་དུས་ཡུན་མ་གཏོགས་མི་དགོས། 

ཀུ་ཤུའི་ཁུངས་སྐྱེལ་ཡོ་ཆས། 

དུས་ད་ལྟའི་ཆར། ཆ་རྐྱེན་གཉིས་ལྡན་གྱི་ཁུངས་སྐྱེལ་ཟེར་བ་དེ་Authy དང་ཡང་ན། གྷོ་གྷིལ་ཁུངས་སྐྱེལ་ཡོ་ཆས་ཟེར་བའི་གང་ཟག་གསུམ་པས་བཟོས་པའི་ཁུངས་སྐྱེལ་གྱི་བཀོལ་ཆས་ལ་བརྟེན་དགོས་ཀྱི་ཡོད། ཡིན་ནའང་། ཀུ་ཤུ་བཟོ་ཚོང་ཁང་གིས་བཀོལ་ཆས་གཞན་པར་བརྟེན་མ་དགོས་པར། ཀུ་ཤུ་ཁ་པར་ནང་གི་ཁུངས་སྐྱེལ་ཡོ་ཆས་གསར་པ་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད། 

གལ་ཏེ།དྲ་གནས་ཤིག་གིས་ཆ་རྐྱེན་གཉིས་ལྡན་གྱི་ཁུངས་སྐྱེལ་མཁོ་སྤྲོད་བྱེད་ཀྱི་ཡོད་ཚེ།སྔོན་མ་ནང་བཞིན་བཀོལ་ཆས་འཕར་མ་ཞིག་ཕབ་ལེན་བྱེད་མ་དགོས་པར།ཁྱེད་ཀྱིས་ཐད་ཀར་ཁ་པར་གྱི་སྒྲིག་འགོད་ཁོངས་ཀྱི་གསང་ཚིག་གི་སྡེ་ཚན་ནང་དུ།ཁུངས་སྐྱེལ་གསང་ཨང་ཞིག་སྒྲིག་བཟོ་བྱེད་ཆོག  གལ་ཏེ།ཁུངས་སྐྱེལ་གསང་ཨང་སྒྲིག་བཟོ་བྱས་ཚར་ན།ཁྱེད་རང་དྲ་གནས་དེར་བསྐྱོད་སྐབས།ཁུངས་སྐྱེལ་གསང་ཨང་དེ་ཁྱེད་ཀྱིས་ལག་པས་བསྐང་མ་དགོས་པར།རང་འགུལ་གྱི་ཐོག་ནས་བསྐང་གི་ཡོད། 

Leave a Reply

Your email address will not be published. Required fields are marked *