གནད་བསྡུས།
འཆམ་མཐུན་ཉེར་སྤྱོད་མ་ལག་ནི། ཧྭ་ཝེ་བཟོ་ཚོང་ཁང་གིས་གྷོ་གྷིལ་བཟོ་ཚོང་ཁང་གི་ཨན་ཌོ་ཉེར་སྤྱོད་མ་ལག་གི་ཚབ་ཏུ་བཟོས་པའི་ཁ་པར་གྱི་ཉེར་སྤྱོད་མ་ལག་ཅིག་ཡིན།
ཉེར་སྤྱོད་མ་ལག་འདི་བཟོ་སྐྲུན་བྱས་ཏེ། ཁ་པར་ནང་དུ་བཀོལ་སྤྱོད་བྱེད་པར་ལོ་གཉིས་འགོར་ཡོད།
སྤྱི་ལོ་༢༠༡༩་ལོའི་ཟླ་༨་པའི་ནང་དུ། ཧྭ་ཝེ་བཟོ་ཚོང་ཁང་གིས་འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཐོག་མར་བརྙན་འཕྲིན་ནང་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད་ལ།
སྤྱི་ལོ་༢༠༢༠་ལོར་ཁྱད་ཆོས་སྣ་འཛོམས་ཅན་གྱི་ལག་འདོགས་ཆུ་ཚོད་ནང་དུ་བཀོལ་སྤྱོད་བྱས་ཡོད།
འཛམ་གླིང་ནང་གི་ཁ་པར་བཟོ་ལས་ཁང་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱིན་པའི་ཧྭ་ཝེ་བཟོ་ལས་ཁང་གིས་ཉེ་ལམ་རང་ངོས་ནས་གསར་དུ་འདོན་སྤེལ་བྱས་པའི་འཆམ་མཐུན་ཉེར་སྤྱོད་མ་ལག་ཐོན་གསར་པའི་སྐོར་གྱི་ཁྱབ་བསྒྲགས་ཤིག་སྤེལ་ཡོད།
༢༠༡༩་ལོའི་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དམག་འཁྲུག་འགོ་མ་བཙུགས་པའི་སྔོན་དུ། རྒྱ་ནང་གི་ཧྭ་ཝེ་ཁ་པར་ཡོད་ཚད་ཀྱི་ནང་དུ་ཨ་རིའི་གྷོ་གྷིལ་བཟོ་ཚོང་ཁང་གིས་བཟོས་པའི་ཨན་ཌོ་ཉེར་སྤྱོད་མ་ལག་བཀོལ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་། ཨ་རིས་ཚོང་འབྲེལ་གྱི་ཉེས་ཆད་བཅད་པ་ནས་བཟུང་། ཧྭ་ཝེ་ཁ་པར་ཚང་མའི་ནང་དུ་ཨན་ཌོ་མ་ལག་ཞབས་ཞུ་མང་དག་ཅིག་རང་བཞིན་གྱི་ཐོག་ནས་མེད་པར་ཆགས་ཡོད། དེའི་རྒྱུ་ཚན་གྱིས། ཧྭ་ཝེ་བཟོ་ཚོང་ཁང་གིས་ཨན་ཌོ་མ་ལག་དང་ཀུ་ཤུ་མ་ལག་གཉིས་ཀར་འབྲེལ་བ་མེད་པའི་ཁ་པར་གྱི་མ་ལག་གསར་པ་ཞིག་གསར་བསྐྲུན་བྱ་རྒྱུའི་དམིགས་ཡུལ་བཅངས་ཡོད། མ་ལག་དེ་ཁ་པར་གཅིག་པུ་ཙམ་མ་ཡིན་པར། ཁྱད་ཆོས་སྣ་འཛོམས་ཅན་གྱི་ལག་འདོགས་ཆུ་ཚོད། རྩིས་འཕྲུལ་ལེབ་མོ་སོགས་ཡོ་ཆས་གཞན་མང་པོའི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་པ་ཞིག་བཟོ་བའི་ཆེད་དུ་འབད་རྩོལ་བྱེད་ཀྱི་ཡོད།
ཧྭ་ཝེ་བཟོ་ཚོང་ཁང་གིས་ཧྭ་ཝེ་ཐོན་རྫས་ཁག་གི་ནང་དུ་འཆམ་མཐུན་ཉེར་སྤྱོད་མ་ལག་ཟེར་བ་དེ་བཟོས་ཡོད་རུང་། གྷོ་གྷིལ་བཟོ་ཚོང་ཁང་གི་ཇེ་མེལ་ཡིག་ཟམ(Gmail)་དང་། ཡོ་ཁྲོ་བྷི་དྲ་བརྙན་(Youtube)ཞབས་ཞུ་སོགས་མེད་པས། དེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཧྭ་ཝེ་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཁྲོམ་ར་ལ་འགྱུར་བ་གཏོང་ཐུབ་པའི་ཚོད་དཔག་བྱེད་ཀྱི་མེད།
འཆམ་མཐུན་ཉེར་སྤྱོད་མ་ལག་དེ་ཧྭ་ཝེ་་ཁ་པར་ཐོན་Mate 40 དང་Mate X2 གཉིས་ཀྱི་ནང་དུ་ཡོད་པ་མ་ཟད། ཧྭ་ཝེ་ལག་འདོགས་ཆུ་ཚོད་ཐོན་༣་པ་དང་། ཧྭ་ཝེ་རྩིས་འཕྲུལ་ལེབ་མོའི་ཐོན་MatePad Pro བཅས་ཀྱི་ནང་དུ་ཡོད་ཅེས་ཧྲིན་ཀྲིན་གྲོང་ཁྱེར་ནང་དུ་ཡོད་པའི་ཧྭ་ཝེ་བཟོ་ལས་ཁང་གིས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།
ཧྭ་ཝེ་འཆམ་མཐུན་ཉེར་སྤྱོད་མ་ལག་ཐོན་གསར་པ་བཀོལ་སྤྱོད་བྱེད་པར། ཧྭ་ཝེ་ཁ་པར་འཛད་སྤྱོད་པ་ཚོས་སྙན་ཞུའི་འགེངས་ཤོག་ཅིག་བསྐང་དགོས་ཀྱི་ཡོད་འདུག དུས་ད་ལྟའི་ཆར། ཧྭ་ཝེ་ཁ་པར་ཚང་མས་EMUI ཟེར་བའི་ཧྭ་ཝེ་བཟོ་ཁང་གིས་བཅོས་བསྒྱུར་བྱས་པའི་ཨན་ཌོ་མ་ལག་ཅིག་བཀོལ་གྱི་ཡོད། ཧྭ་ཝེ་བཟོ་ཚོང་ཁང་གི་འཆམ་མཐུན་ཉེར་སྤྱོད་མ་ལག་ཐོན་གསར་པ་དེ་གསར་སྣོན་བྱེད་པར་སྐར་མ་༡༠་ལྷག་འགོར་གྱི་ཡོད་འདུག་ལ། མ་ལག་དེ་གསར་སྣོན་བྱས་པའི་རྗེས་སུ། ཧྭ་ཝེ་ཁ་པར་གྱི་ནང་དུ་དེ་སྔོན་ནས་ཕབ་ལེན་བྱས་ཡོད་པའི་ཨན་ཌོ་བཀོལ་ཆས་ཁག་གིས་མུ་མཐུད་ནས་ལས་ཀ་བྱེད་ཐུབ་ཀྱི་འདུག་ཅེས་ཧྭ་ཝེ་ཁ་པར་འཛད་སྤྱོད་པ་ཞིག་གིས་བརྗོད་ཡོད།
འཆམ་མཐུན་ཉེར་སྤྱོད་མ་ལག་འདོན་སྤེལ་བྱེད་དགོས་པའི་དམིགས་ཡུལ་ནི། ཨན་ཌོ་དང་ཀུ་ཤུ་མ་ལག་གི་ཚབ་བྱེད་པའི་ཆེད་དུ་ཡིན་པས། མ་ལག་གསར་པ་འདི་འཛམ་གླིང་གི་སྔར་ཡོད་ཀྱི་མ་ལག་གཉིས་ཀའི་པར་བཤུས་ལྟ་བུ་ཞིག་མིན། གང་ཡིན་ཞེ་ན། འཆམ་མཐུན་ཉེར་སྤྱོད་མ་ལག་གི་འཆར་འགོད་ཀྱི་གཏན་ཚིགས་དང་། ཡོངས་ཁུངས་ཨང་ཚབ། བཀོལ་སྤྱོད་ཀྱི་ཁོར་ཡུག་སོགས་ཀྱང་ཨན་ཌོ་དང་ཀུ་ཤུ་མ་ལག་གཉིས་དང་གཏན་ནས་མི་འདྲ་ཞེས་ཧྭ་ཝེ་བཟོ་ཚོང་ཁང་གིས་བརྗོད་ཡོད།
ཧྭ་ཝེ་བཟོ་ཚོང་ཁང་གིས་༢༠༡༩་ལོར་འཆམ་མཐུན་ཉེར་སྤྱོད་མ་ལག་ཕྱིར་བསྒྲགས་བྱེད་པའི་སྐབས་སུ། མ་ལག་དེ་ཁུངས་འབྱེད་ཡིན་ངེས་པ་བརྗོད་ཡོད་ཀྱང་། དུས་ད་ལྟའི་བར་དུ་ཁུངས་ཟུམ་གྱི་ངོ་བོར་ལྷག་བསྡད་ཡོད། (ཁུངས་འབྱེད་མཉེན་ཆས་ཀྱི་ཁྱད་ཆོས་སྐོར་ལ་རྒྱས་པ་མཁྱེན་འདོད་ཚེ། འདི་ལ་གཟིགས།)
སྤྱི་ལོ་༢༠༢༡་ལོའི་ལོ་མཇུག་བར་དུ། འཆམ་མཐུན་ཉེར་སྤྱོད་མ་ལག་དེ་རྒྱ་ནང་གི་ཁ་པར་ས་ཡ་༣༠༠་ལྷག་གི་ནང་དུ་བཀོལ་སྤྱོད་བྱེད་ཐུབ་པའི་ཚོད་རྩིས་བྱེད་ཀྱི་ཡོད་འདུག་ལ། ཁ་པར་མ་ལག་གསར་པ་འདིའི་ནང་དུ། བཀོལ་ཆས་གང་མང་འདོན་སྤེལ་ཡོང་བའི་ཆེད་དུ། ཧྭ་ཝེ་བཟོ་ཚོང་ཁང་གིས་འཛམ་གླིང་གི་བཀོལ་ཆས་བཟོ་སྐྲུན་མཁན་༢༠༠་ལྷག་དང་གྲོས་མོལ་བྱེད་ཀྱི་ཡོད་ཅེས་བཟོ་ཚོང་ཁང་གིས་བརྗོད་ཡོད།