བརྡ་རྟགས་བཀོལ་ཆས་བཀག་སྡོམ།

སྲིད་གཞུང་གིས་ཕྱི་རྒྱལ་དང་ནང་རྒྱལ་གྱི་འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་བཟོས་པའི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་ཀྱི་ཐོག་ཏུ་དམ་དྲག་ཤུགས་ཆེ་རུ་གཏོང་གི་ཡོད་པ་བཞིན། དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་བརྡ་རྟགས་འཕྲིན་ཐུང་གླེང་མོལ་་ཟེར་བ་དེ་ད་ཆ་རྒྱལ་ནང་དུ་བཀག་འགོག་བྱས་ཡོད་འདུག   དེར་བརྟེན། བརྡ་རྟགས་བཀོལ་ཆས་བཀོལ་སྤྱོད་བྱེད་མཁན་གྱི་རྒྱལ་ནང་གི་འཛད་སྤྱོད་པ་ཚོས།རང་ཉིད་ཀྱི་ཁ་པར་རྟོག་བཟོས་མི་སྒེར་དྲ་བ་དང་སྦྲེལ་ན་མ་གཏོགས། བཀོལ་ཆས་དེ་སྔོན་ལྟར་བཀོལ་སྤྱོད་བྱེད་ཐུབ་ཀྱི་མེད།

འཛད་སྤྱོད་པ་ཁག་གི་བར་དུ་སྣེ་གཉིས་བར་གྱི་གསང་སྡོམ་མཁོ་སྤྲོད་བྱེད་མཁན་གྱི་བརྡ་རྟགས་གླེང་མོལ་བཀོལ་ཆས་བཀག་སྡོམ་བྱས་པ་དེ། གཞུང་ཕྱོགས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་སྒེར་གྱི་གྲོས་བསྡུར་ཁག་གི་ཐོག་ཏུ་བྱ་ར་བྱེད་པའི་ལས་གཞི་ཆེ་རུ་གཏོང་བའི་དུས་སྐབས་ལ་འཁེལ་ཡོད། རྒྱལ་ནང་དུ། ངོ་དེབ་དང་། གྷོ་གྷིལ། བྱེའུ་སྐད་སོགས་རྒྱལ་སྤྱིའི་སྒང་དུ་གྲགས་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་བཀག་འགག་བྱས་ཏེ་ལོ་མང་ཕྱིན་ཡོད་ལ། ད་ལོའི་ཟླ་༢་པའི་ནང་དུ།  Clubhouseསྐད་ཀྱི་ལམ་ནས་མི་མང་པོ་ལྷན་དུ་འཛོམས་ཏེ།བརྗོད་གཞི་སྣ་ཚོགས་ཀྱི་སྒང་དུ་གྲོས་བསྡུར་བྱ་ཆོག་སའི་སྡིངས་ཆ་དེའི་ནང་དུ་རྒྱལ་ནང་གི་དྲ་གྲོགས་མང་པོ་འཛུལ་སྟབས་གཞུང་གིས་བཀོལ་ཆས་དེའང་བཀག་སྡོམ་བྱས་ཡོད།

བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས།དེའི་ནང་དུ་བཏང་བའི་ཁ་པར་དང་འཕྲིན་ཐུང་རིགས་གང་ཟག་གསུམ་པས་རྩ་བ་ནས་ལྟ་ཀློག་བྱེད་མི་ཐུབ།དེའི་རྒྱུ་མཚན་གྱི་མི་སྒེར་གྱི་གསང་རྒྱ་ལ་དོ་སྣང་ཡོད་མཁན་གྱི་རྒྱལ་ནང་གི་མི་མང་པོ་ཞིག་གིས་བཀོལ་ཆས་འདི་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད་རུང་།དེ་དག་གི་གྲངས་འབོར་སྐད་འཕྲིན་དང་ཡེ་ནས་བསྡུར་ས་མེད་དེ།སྐད་འཕྲིན་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་དུང་ཕྱུར་༡༠་ལྷག་ཡོད།སྐད་འཕྲིན་གྱི་ནང་དུའང་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་དང་།དཀྲོག་གཏམ་རིགས་ལ་དོ་དམ་ནན་མོ་བྱེད་ཀྱི་ཡོད།བརྡ་རྟགས་དང་སྐད་འཕྲིན་གཉིས་ཀྱི་ཁྱད་པར་གཙོ་བོ་ནི།གོང་དུ་ཞུས་ཟིན་པ་ལྟར།བརྡ་རྟགས་ཀྱི་ནང་དུ་སྣེ་གཉིས་བར་གྱི་གསང་སྡོམ་ཡོད་ལ།སྐད་འཕྲིན་གྱི་ནང་དུ་འཛད་སྤྱོད་པ་དང་དྲ་བའི་ཞབས་ཞུ་གཉིས་ཀྱི་བར་དུ་མ་གཏོགས་གསང་སྡོམ་མཁོ་སྤྲོད་བྱེད་ཀྱི་མེད།དེའི་དོན་ནི།འཛད་སྤྱོད་པས་སྐད་འཕྲིན་ནང་དུ་བཏང་བའི་ཡིག་ཆ་ཚང་མ་སྐད་འཕྲིན་གྱི་ཐིན་ཞུན་བཟོ་ཚོང་ཁང་གིས་བར་གཅོད་བྱས་ཏེ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད།

ཁྱེད་ཀྱིས་སྣེ་གཉིས་བར་གྱི་གསང་སྡོམ་སྐོར་ལ་ཞིབ་ཏུ་ཧ་གོ་འདོད་ན།ལམ་ཡིག་དྲ་ཚིགས་ཀྱི་རྩོམ་འདི་ཀློགས།

Leave a Reply

Your email address will not be published. Required fields are marked *