འཛད་སྤྱོད་པས་འགོག་དཀའ་བའི་སྐད་འཕྲིན་ནང་གི་ཁྱབ་བསྒྲགས།

རྒྱ་ནང་གི་འཕྲུལ་རིག་བཟོ་རྩལ་ཚོང་ལས་ཁང་ཁག་གི་ཐོག་ཏུ་གཞུང་གི་གནོན་ཤུགས་ཆེ་རུ་ཕྱིན་པ་བརྟེན་ནས། ཁ་པར་ནང་ཁྱབ་བསྒྲགས་གཏོང་བའི་ཚོང་ལས་སྡེ་ཁག་གི་བྱེད་སྒོ་ཁག་ལའང་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད། 

སྐད་འཕྲིན་ནང་གི་མི་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་རིགས།  འཛད་སྤྱོད་པས་མཐོང་འདོད་མེད་པའི་དབང་དུ་བཏང་རུང་། དེ་དག་མི་སྒེར་གྱི་ངོས་ནས་བཀག་འགོག་བྱེད་རྒྱུ་ཧ་ཅང་དཀའ་མོ་བཟོས་ཡོད། དེ་ཡང་། ཧྲང་ཧེ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ། ཁ་པར་ནང་གི་བཀོལ་ཆས་ཁག་གི་ཁྱབ་བསྒྲགས་ཀྱི་གནད་དོན་དང་དཀའ་ངལ་སྐོར་ཁ་གསལ་བཏོན་ཡོད་ལ། བཀོལ་ཆས་དེ་དག་གི་ཁོངས་ཀྱི་དཀའ་ངལ་ཅན་གྱི་བཀོལ་ཆས་གཅིག་ནི་སྐད་འཕྲིན་ཡིན། 

སྙན་ཐོ་དེའི་ནང་དུ། འཛད་སྤྱོད་པས་མཛུབ་གནོན་ཐེངས་གཅིག་གིས་ཁྱབ་བསྒྲགས་དེ་དག་སྒོ་རྒྱག་པའམ། ཡང་ན། མེད་པར་བཟོ་ཐབས་བྲལ་བའི་སྐོར་ལ་སྐྱོན་བརྗོད་བྱས་ཡོད། དེ་ཡང་ཁ་པར་གྱི་འཆར་ངོས་སུ་ཁྱབ་བསྒྲགས་ཤིག་མངོན་ཡོང་དུས། འཛད་སྤྱོད་པར་ཁྱབ་བསྒྲགས་དེ་ལ་ལྟ་བའི་འདོད་པ་མེད་ཚེ། ང་ལ་འདོད་པ་མེད་ཟེར་བའི་གདམ་ག་དེ་འདེམས་རྗེས། རྒྱུ་མཚན་ཞིག་བགྲང་དགོས་ཀྱི་ཡོད། སྐད་འཕྲིན་ནང་གི་མི་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་རིགས། ཁོང་ཚོས་བསྡུ་རུབ་བྱས་པའི་མི་སྒེར་གྱི་གཞི་གྲངས་ལ་གཞི་བཅོལ་ཏེ། མི་དེའི་དགའ་ཕྱོགས་ལྟར། ཁྱབ་བསྒྲགས་གཏོང་གི་ཡོད་ལ། འཛད་སྤྱོད་པའི་མཐུན་ཚོགས་དེས་བརྗོད་གསལ་ལྟར་ན། ཁྱབ་བསྒྲགས་དེ་དག་བཀག་འགོག་བྱེད་རྒྱུ་ཧ་ཅང་མགོ་ཉོག་པོ་ཡོད་འདུག

སྐད་འཕྲིན་བཀོལ་ཆས་ཀྱི་ནང་དུ། ཐད་ཀར་འཛད་སྤྱོད་པར་ཁྱབ་བསྒྲགས་རིགས་བཀག་འགོག་བྱེད་ཆོག་པའི་ཁྱད་ཆོས་སམ་གདམ་ག་མཁོ་སྤྲོད་བྱེད་རྒྱུའི་ཚབ་ཏུ། འཛད་སྤྱོད་པ་བཀོལ་ཆས་ཀྱི་གསང་རྒྱའི་སྲིད་ཇུས་ཀྱི་ངོས་ཤོག་གི་མཐའ་རུ་འགྲོ་དགོས་པ་ཞིག་བཟོས་ཡོད་པ་དང་། དེ་ནས་དྲ་ངོས་གཞན་ཞིག་ལ་འཁྲིད་འགྲོ་ལ། དྲ་ངོས་དེར་ཁོང་ཚོའི་སྐད་འཕྲིན་ཁ་བྱང་ནང་བསྐྱར་དུ་འཛུལ་དགོས་ཀྱི་ཡོད། མི་སྒེར་ལ་དམིགས་པའི་ཁྱབ་བསྒྲགས་རིགས་སྒོ་རྒྱག་པའི་གདམ་ག་དེ་སྦས་ནས་མཐོང་དཀའ་བ་བཟོས་ཡོད་པ་མ་ཟད། བཀག་འགོག་བྱེད་པར་གོ་རིམ་ཆུང་ཚགས་མང་པོ་ཞིག་བརྒྱུད་དགོས་པ་མཐུན་ཚོགས་དེས་བརྗོད་ཡོད། 

མཐུན་ཚོགས་དེས་བརྗོད་ན། གོང་གི་མགོ་ཉོག་ཆེ་བའི་གོ་རིམ་དེ་དག་བརྒྱུད་དེ། སྐད་འཕྲིན་ནང་གི་ཁྱབ་བསྒྲགས་རིགས་བཀག་འགོག་བྱས་ཚར་ནའང་། འཛད་སྤྱོད་པས་ད་དུང་ཡང་རང་ཉིད་ལ་འབྲེལ་བ་མེད་པའི་ཁྱབ་བསྒྲགས་རིགས་སྔར་བཞིན་མཐོང་གི་ཡོད་འདུག  ཁྱབ་བསྒྲགས་བཀག་འགོག་གི་ཁྱབ་ཆོས་དེ་ཟླ་དྲུག་གི་རིང་ལ་ཁ་བརྒྱབ་རྗེས། བསྐྱར་དུ་རང་འགུལ་གྱི་ཐོག་ནས་ཁ་ཕྱེ་བ་བཟོས་ཡོད་སྟབས་ཁྱབ་བསྒྲགས་རིགས་མུ་མཐུད་ནས་ཁ་པར་འཆར་ངོས་ལ་མངོན་གྱི་ཡོད། དེར་བརྟེན། ཧྲང་ཧེ་འཛད་སྤྱོད་པའི་མཐུན་ཚོགས་དེས་མི་སྒེར་དམིགས་འབེན་དུ་བཟུང་བའི་ཁྱབ་བསྒྲགས་རིགས། འཛད་སྤྱོད་པས་གཏན་དུ་བཀག་འགོག་བྱེད་ཐུབ་པའི་གདམ་ག་བཟོ་དགོས་སྐོར་གྱི་བསམ་ཚུལ་བཏོན་ཡོད། 

མི་སྒེར་དམིགས་འབེན་དུ་བཟུང་བའི་ཁྱབ་བསྒྲགས་རིགས་ནི། དེང་གི་དུས་ཀྱི་བཟོ་ལས་ཁང་ཆེ་མ་ཆུང་གསུམ་གྱི་སྤྱིར་བཏང་གི་ཚོང་ལས་ཀྱི་མ་དཔེ་ཞིག་ཆགས་ཡོད་ལ། ངོ་དེབ་དང་གྷོ་གྷིལ་ལྟ་བུའི་འཛམ་གླིང་ནང་གྲགས་ཆེ་བའི་འཕྲུལ་རིག་བཟོ་ལས་ཁང་ཁག་གིས། མི་སྒེར་གྱི་ངོས་ནས་ཁྱབ་བསྒྲགས་རིགས་བཀག་འགོག་བྱེད་ཐུབ་པའི་གདམ་ག་བཟོས་ཡོད། 

Leave a Reply

Your email address will not be published. Required fields are marked *