དྲ་ཐོག་གི་ཤུལ་རྗེས་ནི་ཅི་ཞིག་ཡིན་པ་དང་། རང་ཉིད་ཀྱིས་དྲ་ཐོག་གི་ཤུལ་རྗེས་ཇི་ལྟར་ཉུང་དུ་གཏོང་དགོས།
དྲ་ཐོག་གི་ཤུལ་རྗེས་སམ་གྲིབ་མ་ནི། ཁྱེད་རང་གིས་ཁ་པར་དང་། རྩིས་འཕྲུལ། རྩིས་འཁོར་ལེབ་མོ་སོགས་འཕྲུལ་རིག་གི་ཡོ་ཆས་དང་། དྲ་རྒྱ་བཀོལ་སྤྱོད་བྱེད་པའི་སྐབས་སུ་ཤུལ་དུ་འཇོག་བཞིན་པའི་གཞི་གྲངས་ཀྱི་ཟིན་ཐོ་ལ་ཟེར་ཞིང་། དེས་ཁྱེད་རང་གི་དྲ་ཐོག་གི་བྱེད་སྒོ་ཁག་ཉེན་ཁའི་གནས་སུ་བསྐྱེལ་སྲིད། ང་ཚོས་རང་ཉིད་ཀྱི་གྲོགས་པོ་དང་ནང་མི་སོགས་ལ་འབྲེལ་བ་ཉར་བའི་ཆེད་དུ། སོ་སོའི་གནས་ཚུལ་ཁག་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ནང་དུ་བརྒྱུད་གཏོང་བྱེད་པའི་སྐབས་དང་། དྲ་ཚིགས་ཁག་ལྟ་ཀློག་བྱེད་པའི་སྐབས་སུའང་དྲ་ཐོག་ཏུ་ཤུལ་རྗེས་འཇོག་གི་ཡོད།
གལ་ཏེ། དུས་ཚོད་དང་འཕྲུལ་རིག་གི་ཡོ་བྱད་གཉིས་ཀ་ཡོད་མཁན་གྱི་མི་ཞིག་དྲ་ཐོག་གིཤུལ་རྗེས་འཚོལ་དུ་ཕྱིན་པ་ཡིན་ན། ཁོས་ཁྱེད་རང་གིས་དྲ་ཐོག་ཏུ་ག་རེ་བཙལ་ཡོད་མེད་དང་། དྲ་ཚིགས་གང་དག་ལ་ལྟ་ཀློག་བྱས་ཡོད་མེད། ཁྱེད་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཁག་གི་སྟེང་དུ་གནས་ཚུལ་ག་རེ་སྤེལ་ཡོད་མེད། ཁྱེད་ཀྱིས་དྲ་ཐོག་ཏུ་ཅ་ལག་ག་རེ་ཉོས་ཡོད་མེད། བརྙན་པར་དང་གླུ་གཞས་གང་དག་ལ་ལྟ་ཉན་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་མང་དག་ཅིག་བསྡུ་ལེན་བྱེད་ཐུབ་ཀྱི་ཡོད་པས། དེ་ནི་འཕྲུལ་རིག་གི་འཇིག་རྟེན་ཁྲོད་ཀྱི་འཇིགས་སུ་རུང་བའི་གནད་དོན་ཞིག་ཡིན།
དེ་བས། འདིར་དྲ་ཐོག་གི་ཤུལ་རྗེས་རིགས་ཉུང་དུ་གཏོང་བའི་ཐབས་ལམ་ཁ་ཤས་ཤིག་གི་སྐོར་ལ་གླེང་སློང་བྱེད་འདོད།
དང་པོ། དྲ་ཐོག་ཏུ་ཅ་ལག་ཉོ་བའི་ཆེད་དང་། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཆེད་དུ་ཐོ་འགོད་བྱས་པའི་སོ་སོའི་ཁ་བྱང་སོགས་མེད་པར་བཟོ་དགོས་ལ། དེང་སང་ལྟ་ཀློག་བྱེད་ཀྱི་མེད་པའི་དྲ་ཚིགས་ཁག་དང་། བཀོལ་སྤྱོད་བྱེད་ཀྱི་མེད་པའི་དྲ་ཐོག་གི་ཉོ་ཚོང་གི་ཁ་བྱང་སོགས་ཀྱང་མེད་པར་བཟོ་དགོས།
གཉིས་པ། དགོས་མཁོ་ཆེན་པོ་མེད་ཚེ། ཉོ་ཚོང་སྐོར་གྱི་ཁྱབ་བསྒྲགས་དང་མངགས་ཉོའི་ཆེད་དུ་དྲ་ཐོག་ཏུ་ཐོ་འགོད་མ་བྱེད། གང་ཡིན་ཞེ་ན། བཟོ་ཚོང་ཁང་ཁག་གིས་ཁྱེད་རང་སྐོར་གྱི་གཞི་གྲངས་གང་མང་ཞིག་བསྡུ་ལེན་བྱེད་པའི་འབད་རྩོལ་བྱེད་ཀྱི་ཡོད་སྟབས། ཁྱེད་ཀྱི་གསང་བ་ཤོར་བའི་ཉེན་ཁ་ཡོད།
གསུམ་པ། དྲ་མྱུལ་བྱེད་དུས་སྒེར་གྱི་ངོ་བོ་ཅན་གྱི་བཤེར་ཆས་སམ། ངོ་བོ་སྦ་གསང་གི་རྣམ་པ། ཐ་ན་ཁྲོར་བཤེར་ཆས་སོགས་བཀོལ་སྤྱོད་བྱེད་དགོས། དྲ་རྒྱ་བཤེར་ཆས་ཕལ་ཆེ་བས། སྒེར་གྱི་ངོ་བོ་ཅན་གྱི་བཤེར་ཆས་སམ། ངོ་བོ་སྦ་གསང་གི་རྣམ་པ་བཀོལ་སྤྱོད་བྱེད་པའི་གདམ་ག་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། གལ་ཏེ། ཁྱེད་ལ་ད་དུང་གཞན་གྱིས་རྗེས་འདེད་བྱེད་སྲིད་པའི་དོགས་པ་ཡོད་ཚེ། ཁྲོར་བཤེར་ཆས་བཀོལ་སྤྱོད་བྱོས།
བཞི་པ། གསང་རྒྱའི་སྒྲིག་འགོད་ལ་ཞིབ་ལྟ་བྱེད་དགོས།
དུས་རྒྱུན་དུ་གསང་རྒྱའི་སྒྲིག་འགོད་ལ་ལྟ་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེ། དྲ་ཚིགས་དང་བཀོལ་ཆས་ཁ་ཤས་ཀྱི་གསང་རྒྱའི་སྒྲིག་འགོད་ཀྱི་ཁོངས་སུ། ཁྱད་ཆོས་ཁ་ཤས་སྦས་ཡོད།
འབྲེལ་ཐག་བརྒྱུད་ནས་རྙི་འཛུགས་པ་ནི་ད་ལྟའི་དུས་ཀྱི་དྲ་རྒྱའི་ཆ་ཤས་ཤིག་ཆགས་ཡོད་པས། ཁྱེད་ཀྱིས་དེའི་སྒང་དུ་མནན་པ་ཡིན་པ། རང་ཉིད་ཀྱི་གསང་རྒྱ་ཤོར་འགྲོ་བས། འབྲེལ་ཐག་དེ་འདྲའི་སྒང་ལ་བསྣུན་དགོས་མིན་སྔོན་ནས་བསམ་བློ་གཏོང་དགོས།
ང་ཚོས་སོ་སོའི་དྲ་ཐོག་གི་ཤུལ་རྗེས་ཁག་རྩ་བ་ནས་མེད་པར་བཟོ་མི་ཐུབ་རུང་། ཤུལ་རྗེས་དེ་དག་གང་ཐུབ་ཀྱིས་ཉུང་དུ་གཏོང་ཐུབ། དེ་ལྟར་བྱས་ན། རྗེས་ཕྱོགས་ཤུལ་རྗེས་དེ་དག་གིས་ང་ཚོར་གནོད་པ་བསྐྱེལ་མི་ཐུབ།