ལུས་སྦྱོང་རྗེས་འདེད་ཡོ་ཆས་ཁོངས་ཀྱི་གསང་རྒྱའི་ཉེན་ཁ།

ལུས་སྦྱོང་རྗེས་འདེད་ཡོ་ཆས་རིགས་གསར་སྐྲུན་བྱས་པ་དེས། ང་ཚོའི་ཉིན་མ་རེ་རེའི་ལུས་སྦྱོང་དང་འབྲེལ་བའི་གནས་ཚུལ་ཁག་ཞིབ་ཚགས་པོའི་ཐོག་ནས་ཧ་གོ་ཐུབ་པ་བཟོས་ཡོད་ལ། དེའི་རྒྱུ་མཚན་གྱིས། ལོ་རེའི་ལུས་སྦྱོང་རྗེས་འདེད་ཡོ་ཆས་ཀྱི་ཁྲོམ་རའི་ཁྱབ་ཚད་ཨ་སྒོར་དུང་ཕྱུར་༢༠༠་ལྷག་བརྒལ་ཡོད། ཡིན་ནའང་། ང་ཚོས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ནི། ལུས་སྦྱོང་རྗེས་འདེད་ཀྱི་ཡོ་ཆས་དེ་དག་གིས་ལུས་སྦྱོང་གི་གནས་ཚུལ་ཙམ་མ་ཡིན་པར། དེ་མིན་གྱི་གནས་ཚུལ་མང་པོ་ཞིག་ཀྱང་ལྐོག་ནས་བསྡུ་ལེན་བྱེད་ཀྱི་ཡོད་ངེས་པ་དེས། མི་སྒེར་གྱི་གཞི་རྩའི་གསང་རྒྱ་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པ་དེ་རེད།

ལུས་སྦྱོང་རྗེས་འདེད་ཡོ་ཆས་ཀྱི་ཁོངས་སུ་མི་སྒེར་གྱི་གསང་བའི་གནས་ཚུལ་ཡོད།

ལུས་སྦྱོང་རྗེས་འདེད་ཡོ་ཆས་ཀྱི་ཁོངས་སུ་ཁྱེད་རང་གི་སྐོར་གྱི་གསང་བའི་གནས་ཚུལ་མང་ཆེ་བ་ཡོད། དཔེར་ན།  ཁྱེད་རང་གི་འཕྲོད་བསྟེན་གྱི་གནས་ཚུལ་ལྟ་བུ་རེད། ལུས་སྦྱོང་རྗེས་འདེད་ཀྱི་ཡོ་ཆས་ཁག་གིས་ཁྱེད་རང་ཞོགས་པ་ཡར་ལངས་པ་ནས་མར་མ་ཉལ་བའི་བར་གྱི་ལུས་པོའི་འགུལ་བསྐྱོད་ཡོངས་རྫོགས་ཀྱི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད། དེང་སང་། ཐ་ན། ང་ཚོ་མཚན་མོར་གཉིད་ག་ཚོད་ཅིག་ཁུག་གི་ཡོད་མེད་ཀྱི་གནས་ཚུལ་ཡང་ལེན་ཐུབ་ཀྱི་ཡོད། དེ་ཙམ་མ་ཟད། ཁྱེད་རང་གི་གོམ་པ་སྤོ་སྟངས་དང་། ཁྱེད་རང་གི་ཁྲག་ཤེད། སྙིང་གི་འཕར་ཚད། གཟུགས་པོའི་ལྗིད་ཚད་སོགས་ཀྱང་ཧ་གོ་ཐུབ་ཀྱི་ཡོད། གནས་ཚུལ་འདི་དག་གིས་སྤྱི་ཡོངས་ཀྱི་ཐོག་ནས་ཁྱེད་རང་གི་གཟུགས་པོའི་བདེ་ཐང་དང་འཕྲོད་བསྟེན་གྱི་གནས་བབ་སྟོན་ཐུབ་ཀྱི་ཡོད། འཕྲོད་བསྟེན་གྱི་གནས་ཚུལ་འདི་དག་རྩ་བའི་ཆ་ནས། ཁྱེད་རང་གིས་ཨེམ་རྗེས་བཀོལ་སྤྱོད་བྱས་ཏེ་ཁྱེད་རང་གི་གཟུགས་པོའི་འཕྲོད་བསྟེན་དབྱེ་ཞིབ་བྱེད་ཀྱི་ཡོད། ལུས་སྦྱོང་རྗེས་འདེད་ཀྱི་ཡོ་ཆས་ཁག་གིས་ང་ཚོར་སོ་སོའི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་མང་པོ་ཞིག་ཤེས་སུ་འཇུག་གི་ཡོད་རུང་། ང་ཚོས་ལུས་སྦྱོང་རྗེས་འདེད་ཡོ་ཆས་ཁག་གིས་ང་ཚོའི་སྐོར་གྱི་གནས་ཚུལ་གང་དག་་བསྡུ་རུབ་དང་གསོག་ཉར་བྱེད་ཀྱི་ཡོད་མེད་ཧ་གོ་བ་བྱེད་དགོས།

ཁྱེད་རང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་ཁག་རྐུ་མ་བརྐུས་པ་ཡིན་ན་ཅི་བྱ།

ཁྱེད་ཀྱིས་ང་ལྟ་བུའི་མི་ཞིག་གི་འཕྲོད་བསྟེན་གྱི་གནས་ཚུལ་རྐུ་མཁན་སུ་ཞིག་ཡོད་སྙམ་སྲིད།འོན་ཀྱང་།མི་སྒེར་གྱི་གནས་ཚུལ་དེ་དེང་གི་དུས་ཀྱི་རིན་ཐང་ཆེ་བའི་ཚོང་རྫས་ཤིག་ཡིན་པ་ཁྱེད་ཀྱིས་ཧ་གོ་དགོས།འཛམ་གླིང་གི་བཟོ་ཚོང་ཁང་མང་པོ་ཞིག་གིས་མི་སྒེར་གྱི་གནས་ཚུལ་སྟོང་ཕྲག་མང་པོ་བསྡུར་རུབ་བྱས་རྗེས།དེ་དག་ཚོང་ལས་སྡེ་ཁག་གཞན་པར་བཙོངས་ཏེ་ཨ་སྒོར་དུང་ཕྱུར་མང་པོ་གསོག་གི་ཡོད།ཁྱེད་རང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་རིགས།ཚོང་ལས་ཀྱི་ཁྱབ་བསྒྲགས་གཏོང་མཁན་དང་ཉམས་ཞིབ་པ་ཚོར་རྩ་ཆེན་པོ་ཆགས་ཡོད་སྟབས།ཁོང་ཚོས་དེ་ལ་རིན་གོང་མཐོན་པོ་སྤྲད་དེ་ཉོ་བར་སྤྲོ་བ་ཆེན་པོ་ཡོད།

བཟོ་ཚོང་ཁང་ཞིག་བཙོངས་བ་ཡིན་ན། ཁྱེད་ཀྱི་གཞི་གྲངས་ལ་ཅི་ཞིག་འབྱུང་ངེས།

གལ་ཏེ། ལུས་སྦྱོང་རྗེས་འདེད་ཡོ་ཆས་བཟོ་མཁན་གྱི་བཟོ་ཚོང་ཁང་དེ་རྒྱལ་མང་རང་བཞིན་གྱི་ཚོང་ལས་སྡེ་ཁག་ཆེན་པོ་་ཞིག་ལ་བཙོངས་བ་ཡིན་ན། ཁྱེད་ཀྱི་གཞི་གྲངས་ལ་ཅི་ཞིག་འབྱུང་ངེས། བཟོ་ཚོང་ཁང་ཆེ་བ་དེ་ལ་མི་སྒེར་གྱི་གཞི་གྲངས་དང་འབྲེལ་བའི་སྲིད་ཇུས་གཅིག་པ་ཡོད་སྲིད་དམ། ཁོང་ཚོས་ཁྱེད་རང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་ཁག་ཁྱབ་བསྒྲགས་གཏོང་མཁན་དང་། འགན་ལེན་སྤྱི་གཉེར་ཁང་། དེ་མིན་གྱི་ཚོང་ལས་སྡེ་ཁག་སོགས་ལ་བཙོང་ངེས་སམ། བཟོ་ཚོང་ཁང་ཞིག་བཟོ་ཚོང་ཁང་གཞན་པ་ཞིག་ལ་འཚོང་བའི་སྐབས་སུ། དེའི་ཚོང་གི་མ་རྩ་དང་རྒྱུ་རྫས་ཆེ་ཤོས་དེ་བཟོ་ཚོང་ཁང་དེས་བསྡུ་རུབ་བྱས་པའི་མི་སྒེར་གྱི་གཞི་གྲངས་དང་གནས་ཚུལ་ཁག་ཆགས་ཀྱི་ཡོད།

རང་ཉིད་ཀྱི་གསང་རྒྱ་ཇི་ལྟར་བརྟན་སྲུང་བྱེད་དགོས།

རྩོམ་ཡིག་འདིའི་དམིགས་ཡུལ་ནི། ཁྱེད་རང་གི་ད་ལྟའི་ལུས་སྦྱོང་རྗེས་འདེད་ཡོ་ཆས་རིགས་མེད་པར་བཟོ་བར་སྐུལ་མ་གཏོང་རྒྱུའི་ཆེད་དུ་མིན། འོན་ཀྱང་།  རྗེས་ཕྱོགས་ཁྱེད་རང་གིས་ལུས་སྦྱོང་རྗེས་འདེད་ཡོ་ཆས་གསར་བ་ཞིག་མ་ཉོས་པའི་སྔོན་དུ། ལུས་སྦྱོང་རྗེས་འདེད་ཡོ་ཆས་བཟོ་མཁན་གྱི་བཟོ་ཚོང་ཁང་དེའི་གཞི་གྲངས་ཀྱི་བདེ་འཇགས་དང་། གསང་རྒྱ། དེ་བཞིན་བཟོ་ཚོང་ཁང་དེའི་བདེ་འཇགས་ཀྱི་བསྐྱར་ཞིབ་སོགས་ལ་ལྟ་ཞིབ་བྱེད་དགོས། ནམ་རྒྱུན་དོན་རྐྱེན་ཞིག་བྱུང་བའི་རྗེས་སུ་མ་གཏོགས། ང་ཚོས་རང་ཉིད་ཀྱི་གསང་རྒྱའི་སྐོར་དྲན་གྱི་མེད། རང་ཉིད་ཀྱི་གསང་རྒྱ་དེ་གཞན་གྱིས་བཤུ་གཞོག་དང་རྡོག་རྫིས་གཏོང་བའི་སྐབས་སུ། ང་ཚོས་ད་གཟོད་གསང་རྒྱའི་རིན་ཐང་ལ་བསམ་ཞིབ་བྱེད་སྲིད།

Leave a Reply

Your email address will not be published. Required fields are marked *